《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月19日

ཡན་ཅིན་ཧའེ་ཡིས་གཞི་རིམ་དུ་སྒྲོག་འགྲེལ་གནང་སྐབས་ནན་བཤད་གནང་དོན།

ཚོགས་འདུའི་དགོངས་དོན་ལ་བརྟེན་ནས་སེམས་ནུས་གཅིག་སྒྲིལ་དང་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་འབད་འབུངས་ཡར་བརྩོན་བྱེད་དགོས།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་17ཉིན་གནས་ཚུལ་འབྱོར་གསལ། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་མཛུབ་སྟོན་གྱི་བླང་བྱ་གཞིར་བཟུང་། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་རོང་མེ་གྲོང་རྡལ་གྲུ་ཁ་གྲོང་ཚོར་ཕེབས་ཏེ། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ལ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

སྒྲོག་འགྲེལ་གནང་རིང་། ཡན་ཅིན་ཧའེ་ཡིས་མང་ཚོགས་ཉེ་འགྲམ་གྱི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་ནས་འགོ་བཙུགས་ཏེ་གོ་བདེ་ཤེས་སླའི་སྐད་ཆ་དང་། གསོན་ཉམས་དོད་ལ་དོན་དངོས་ཀྱི་དཔེ་མཚོན། དོན་ཟབ་ལ་གོ་བདེ་བའི་འགྲེལ་བཤད་བཅས་ཀྱི་ཐོག་ནས་ཉེ་བའི་ལོ་ཤས་རིང་བོད་ལ་བྱུང་བའི་ཕྱོགས་ཡོངས་ཀྱི་ཡར་ཐོན་དང་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བརྒྱུད་རིམ་ལྡན་པའི་ངང་གསལ་འགྲེལ་གནང་བས་ཚང་མའི་ཐུན་མོང་གི་ངོས་འཛིན་གཅིག་མཐུན་བྱུང་ཡོད། ཁོང་གིས། གྲུབ་འབྲས་དེ་དག་ཐོབ་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་བྱམས་སྐྱོང་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད། གུང་ཁྲན་ཏང་མེད་ན། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མེད་པ་དང་། ང་ཚོའི་ད་ཆའི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་དེ་བས་ཀྱང་ཡོང་མི་སྲིད་ཅེས་གསུངས་པ་རེད།

ཡན་ཅིན་ཧའེ་ཡིས། གཅིག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་གུང་ཁྲན་ཏང་གི་བཀའ་དྲིན་ཚོར་བར་བྱེད་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་ཡོངས་ཀྱི་སྲོག་ཤིང་དང་། དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ། མི་དམངས་ཀྱི་གཙོ་འཛིན་བཅས་ཡིན། ང་ཚོས་ངེས་པར་དུ་མའོ་ཀྲུའུ་ཞིར་གོང་བཀུར་ཞུ་བ་ལྟར་སྤྱི་ཁྱབ་ཧྲུའུ་ཅི་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་གོང་བཀུར་ཞུ་དགོས་པ་དང་། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བར་དྲིན་ལན་འཇལ་དགོས། གཉིས་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་དམ་ཟབ་བྱེད་དགོས་ཤིང་། མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་རེད། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། ཧེ་བག་ལ་བརྩི་འཇོག་དང་སྣ་མང་ལ་བསྟུན་མཁས་ཀྱིས་ཀྲུང་ཧྭ་མི་རིགས་ནི་གཅིག་ལ་གཅིག་འབྲེལ་དང་། ཕན་ཚུན་མཉམ་འདྲེས། ཕན་ཚུན་ཁ་འབྲལ་ཐབས་མེད་པ་བཅས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་འབྲེལ་ཐག་དང་བསམ་པའི་ཁྱིམ་གཞིས་ཡིན་པར་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། བྱིས་པ་ནས་འགོ་བཙུགས་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཚན་རིག་དང་རིག་གནས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་དགོས། གསུམ་ནས་འབྱུང་འགྱུར་གྱི་འཚོ་བ་དེ་བས་ལེགས་སུ་འགྲོ་ངེས་ཡིན་པར་ཡིད་ཆེས་བརྟན་པོ་བྱེད་དགོས་ཤིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་སོགས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཚོན་གྱི་ཡོད་པ་དང་། བཏོན་པའི་སྲིད་ཇུས་ཀྱི་རིན་ཐང་མཐོ་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བར་དང་། སྨན་བཅོས་དང་སློབ་གསོའི་ཆ་རྐྱེན་ལེགས་སུ་གཏོང་བ་ནས་འགྲིམ་འགྲུལ་དང་སྡོད་ཁང་གི་ཆུ་ཚད་འགན་ལེན་བྱེད་པའི་བར། དམིགས་ཚད་རེ་རེ་དང་བྱེད་ཐབས་རེ་རེ་བཅས་ཚང་མ་ནི་མི་རིགས་ཁག་གི་མང་ཚོགས་ལ་སྔར་བས་ཡག་པའི་འཚོ་བ་སྐྱེལ་རྒྱུ་ཡོང་ཆེད་རེད་ཅེས་ནན་བཤད་གནང་བ་དང་། ཁོང་གིས། བདེ་སྐྱིད་ལྡན་པའི་འཚོ་བ་ནི་འབད་འཐབ་ལ་བརྟེན་ནས་བྱུང་བ་ཡིན། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས“བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་མཚམས་སྟོབས་ཆེར་གཏོང་བ”བཅས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་ཤུགས་ཡོད་རྒུས་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

(ཉི་དོན་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)