《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月18日

རྒྱ་བོད་ཡིག་སྒྱུར་གྱི་ཉམས་མྱོང་འགའ་རགས་ཙམ་གླེང་བ།

ཉེ་བའི་ལོ་ཤས་རིང་། རྒྱ་བོད་ཡིག་སྒྱུར་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས་འགྱུར་ཡིག་ཕོན་ཆེན་ཐོན་ཡོད་མོད། འགྱུར་ཡིག་ཉུང་ཤས་ཤིག་ཐད་སྒྱུར་བྱས་དྲགས་ནས་གོ་དཀའ་བའི་སྣང་ཚུལ་ཐོན་དང་ཐོན་མུས་ཡིན། འདིར་རང་གི་ལས་སྒོ་དང་འབྲེལ་ནས་དེའི་ཐད་ཉམས་མྱོང་འགའ་གླེང་བར་འདོད།

དང་པོ། མ་ཡིག་ལ་གོ་བ་གཏིང་ཟབ་ལེན་དགོས་པའི་སྐོར།

ཡིག་སྒྱུར་ལག་ལེན་ནི་དཀའ་ངལ་ཆེ་ཞིང་། ཞིབ་ཚགས་ལ། རྙོག་འཛིང་ཆེ་བའི་རིག་གནས་སྤེལ་རེས་ཀྱི་བྱ་སྤྱོད་ཅིག་རེད། དེར་བརྟེན། ལོ་ཙཱ་བས་སྐད་རིགས་གཉིས་ཀྱི་བརྡ་སྤྲོད་ལ་སྦྱངས་པ་གཏིང་ཟབ་བྱས་ནས་མ་ཡིག་ལ་གོ་བ་གཏིང་ཟབ་ལེན་པ་དང་མ་ཡིག་མཚོན་པར་བྱེད་པའི་བུ་ཡིག་གི་བརྡ་སྤྲོད་ཆོས་ཉིད་ཁོང་དུ་ཆུད་དགོས་པ་མ་ཟད། ད་དུང་འབྲེལ་ཡོད་ཀྱི་ཤེས་བྱར་བརྩོན་དགོས།

གཅིག མིང་གཅིག་དོན་མང་གི་ཐ་སྙད་སྒྱུར་ཐབས།

བོད་ཡིག་གི་ཐ་སྙད་དཔེར་ན་བསྣུན་པ་ལྟ་བུར་མཚོན་ན། བྱིས་པར་འོ་མ་བསྣུན་པ་དང་གྲི་བསྣུན་པ་སོགས་དོན་མང་པོ་གོ་རྒྱུ་ཡོད་པ་སྟེ། སྔོན་མ་ནི་སྟེར་བའམ་སྦྱིན་པའི་དོན་ཡིན་པ་དང་། ཕྱི་མ་ནི་གྲི་བཙུགས་པ་དང་གྲི་བརྒྱབ་པའི་དོན་ལ་འཇུག་པས། ཡིག་སྒྱུར་བྱེད་སྐབས་སྐད་ཆའི་བབ་དང་བསྟུན་ནས་བསྒྱུར་དགོས་པ་ལས་ཚང་མ་དོན་གཅིག་ལྟར་བསྒྱུར་མི་རུང་། དེ་བཞིན་རྒྱ་ཡིག་གི་ཐ་སྙད“坚持”ཞེས་པར་མཚོན་ན་མང་ཆེ་བ་རྒྱུན་འཁྱོངས་དང་མཐའ་འཁྱོངས་ཀྱི་དོན་སྟོན་མོད། སྐབས་རེ་མཐའ་འཁྱོངས་ཁོ་ནར་བསྒྱུར་ན་མི་འགྲིག་པ་སྟེ། དཔེར་ན། “他坚持不住后,就招了”ཞེས་པ་མཐའ་འཁྱོངས་ཞེས་བསྒྱུར་ན་མ་ཡིག་གི་དོན་ཇི་མ་ཇི་བཞིན་མཚོན་མི་ཐུབ་པས། ཁོ་པས་སྡུག་རུས་མ་འཁྱོག་པར་ངོས་ལེན་ཞུས་ཞེས་བསྒྱུར་ཚེ་བུ་ཡིག་གི་བརྗོད་དོན་གསལ་བར་སྟོན་ཐུབ། དེ་བཞིན་རྒྱ་ཡིག་གི་ཐ་སྙད“健康”ལྟ་བུ། དཔེར་ན། “保证国民经济持续、快速、健康发展”ཞེས་པ་རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་དང་། མྱུར་པོ། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན་བྱེད་དགོས་ཞེས་བསྒྱུར་ཚེ་འཚམ་པོ་ཡོད་པ་ལས་བདེ་ཐང་ཞེས་བསྒྱུར་ན་བཞད་གད་ཀྱི་རྒྱུ་རུ་འདོད།

གཉིས། མ་ཡིག་གི་ནང་དོན་ལ་གོ་བ་མ་ལོན་པའི་གནད་དོན།

ཡིག་སྒྱུར་བྱེད་སྐབས་དང་ཐོག་མ་ཡིག་ལ་གོ་བ་དཔྱིས་ཕྱིན་པ་ལེན་དགོས་པ་དང་། དེ་ནས་བུ་ཡིག་ཏུ་བསྒྱུར་དགོས། གོ་བ་ལེན་རྒྱུར་དོ་སྣང་མི་བྱེད་པར་ཡིག་འབྲུ་རེ་རེ་བཞིན་གོ་རིམ་ལྟར་བསྒྱུར་ན་མ་ཡིག་གི་སྙིང་དོན་འཁྲུལ་མེད་དུ་མཚོན་མི་ཐུབ་པ་དཔེར་ན། “社会主义不改革就没有出路”ཞེས་པའི་མ་ཡིག་དེ་སྤྱི་ཚོགས་རིང་ལུགས་སྒྱུར་བཅོས་མ་བྱས་ན་དེར་མདུན་ལམ་མེད་ཅེས་བུ་ཡིག་ཏུ་སྒྱུར་མཁན་ཡོད་པ་དང་། འགྱུར་ཡིག་དེའི་གོ་དོན་ལ་བལྟས་ན། སྤྱི་ཚོགས་རིང་ལུགས་དེ་ལམ་ལུགས་གཞན་གང་རུང་ཞིག་ཏུ་སྒྱུར་བཅོས་མ་བྱས་ན་སྤྱི་ཚོགས་རིང་ལུགས་ལ་མདུན་ལམ་མེད་པར་གོ་སྲིད། འོན་ཀྱང་། མ་ཡིག་དུམ་བུ་དེའི་ནང་གི་སྒྱུར་བཅོས་བྱ་ཡུལ་གསལ་པོར་བསྟན་མེད་ཅིང་། དེ་བས་སྤྱི་ཚོགས་རིང་ལུགས་ལ་སྒྱུར་བཅོས་བྱེད་དགོས་པའི་དོན་བསྟན་མེད། བརྗོད་པ་དེའི་ནང་གི་སྒྱུར་བཅོས་བྱ་ཡུལ་དཔལ་འབྱོར་ལ་སོགས་པའི་སྒྲིག་གཞི་དང་དོ་དམ་ལ་བརྗོད། འགྱུར་ཡིག་དེར་ནོར་འཁྲུལ་ཡོང་རྐྱེན་གཙོ་བོ་ནི་ལོ་ཙཱ་བས་གོ་བ་ལེན་རྒྱུར་དོ་སྣང་མ་བྱས་པའི་ཁར་ཐད་སྒྱུར་བྱས་དྲགས་པའོ། མ་ཡིག་དུམ་བུ་དེ་སྒྱུར་བཅོས་མ་བྱས་ན་སྤྱི་ཚོགས་རིང་ལུགས་ལ་མདུན་ལམ་མེད་ཅེས་བསྒྱུར་ན་ཀློག་པ་པོས་མ་ཡིག་གི་གོ་དོན་ཡང་དག་པར་རྟོགས་ཐུབ།

གཉིས་པ། ཡིག་སྒྱུར་གྱི་ཐབས་ལམ་གསུམ་གང་ལ་དེ་འཚམ་གྱིས་སྤྱོད་དགོས་པའི་སྐོར།

དེ་ཡང་། 《སྒྲ་སྦྱོར་བམ་གཉིས》ནང་མ་ཡིག་གི་དོན་དང་ཡང་མི་འགལ་ལ། བོད་ལ་ཡང་གང་བདེ་བར་གྱིས་ཤིག་ཅེས་འཁོད་ཅིང་། ཡི་གེ་གང་ཞིག་སྒྱུར་རུང་བསྒྱུར་བྱ་མ་ཡིག་གི་དོན་དང་མི་འགལ་བར་སྒྱུར་དགོས་པ་དང་། རྨང་གཞི་དེའི་ཐོག་སྒྱུར་བྱེད་བུ་ཡིག་གི་སྐད་དང་འབྲེལ་ཆགས་ཤིང་གོ་བདེ་བ་དགོས། མ་ཡིག་གི་དོན་དང་མི་འགལ་བར་བོད་ཡིག་ཏུ་སྒྱུར་སྐབས་བརྡ་སྤྲོད་ཀྱི་གཞུང་དང་མཐུན་ལ། ཡིག་སྒྱུར་གྱི་གཞུང་ལུགས་དང་མི་འགལ་བ། མིང་ཚིག་ཁ་གསལ་གོ་བདེ་དང་སྙན་པོ་ཡོད་པ་གང་ཞིག་འཇུག་པ་བདེ་བ་བཅས་བྱུང་ན་མཐུན་བདེ་འཇུག་གསུམ་གྱི་ཁྱད་ཆོས་ཚང་བ་རེད།

སྤྱིར་ཡིག་སྒྱུར་བྱེད་ཐབས་ལ་ཐད་སྒྱུར་དང་དོན་སྒྱུར། སྒྲ་སྒྱུར་བཅས་གསུམ་ཡོད། དེ་ཡང་ཐད་སྒྱུར་ཞེས་པ་ནི་གོ་བདེའི་སྒོ་ནས་བཤད་ན་ཐད་ཀར་བསྒྱུར་བར་བརྗོད་ཅིང་། སྤྱིར་ན་རྟོགས་དཀའ་བའི་ཚན་རིག་ལག་རྩལ་གྱི་མིང་ཚིག་གསར་པ་དང་། ཆབ་སྲིད། རིགས་པའི་གཞུང་ལུགས་བཅས་ཀྱི་ནང་དོན་སྒྱུར་སྐབས་སྤྱད་ན་འཚམ་པོ་ཡོད་པ་དང་། དོན་སྒྱུར་ཞེས་པ་ནི་མ་ཡིག་འབྲུ་དོན་དང་འགྱུར་ཡིག་གི་འབྲུ་དོན་མི་གཅིག་ཀྱང་དེ་གཉིས་ཀྱི་བསྟན་དོན་གཅིག་མཚུངས་ཡིན་པར་བརྗོད་པ། དཔེར་ན། “杞人忧天”ཞེས་པ་རི་བོང་གནམ་བརྡིབས་ཀྱི་སྡུག་བསྔལ་དུ་བསྒྱུར་བ་ལྟ་བུ་རེད། སྒྱུར་མཁན་དང་མ་ཡིག་འབྲི་མཁན་མི་གཅིག་མ་ཡིན་པའི་ཁར་ལྷག་པར་དུ་སྐད་ཡིག་གི་བརྡ་སྤྲོད་དང་། ཡུལ་སྲོལ་གོམས་གཤིས་སོགས་ཐ་དད་ཡིན་སྟབས། བསྒྱུར་བྱ་མ་ཡིག་གི་ཚིག་འབྲུ་དང་གཏམ་དཔེ་ལ་སོགས་པ་སྐད་ཡིག་གཞན་ཞིག་ཏུ་སྒྱུར་སྐབས་དོན་སྟོན་པའི་ནུས་པ་གཅིག་མཚུངས་ལྟ་བུ་ཡོང་གང་ཐུབ་བྱེད་དགོས། སྒྱུར་མཁན་གྱིས་ཀྱང་ཐད་སྒྱུར་ཁོ་ན་མི་བྱེད་པར་རང་མི་རིགས་ཀྱི་སྐད་ཆའི་ཁྱད་ཆོས་སམ་བརྡ་སྤྲོད་ལུགས་དང་བསྟུན་དགོས། དཔེར་ན། 《བོད་ལྗོངས་ཀྱི་བདག་དབང་གཏོགས་ཁོངས་དང་མིའི་ཐོབ་ཐང་གི་གནས་ཚུལ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཀྱི་འགོ་བརྗོད་ནང་། དེ་གར་ཆེས་རྗེས་ལུས་ཡིན་པའི་དུས་རབས་བར་མའི་གནས་ཚུལ་ནས་དེང་རབས་ཅན་གྱི་ལམ་དུ་རིམ་གྱིས་སྐྱོད་པའི་འགྱུར་ལྡོག་གནམ་ས་བླ་འོག་ཏུ་འགྱུར་བ་ཞིག་ཡོང་མུས་ཡིན་ཞེས་པ་དང་། དོན་ཚན་དང་པོའི་ནང་གི་དེ་གར་འཚོ་སྡོད་བྱེད་པའི་བོད་རིགས་ཀྱི་མེས་པོ་རྣམས་གནའ་སྔ་མོ་སྤྱི་ལོའི་སྔོན་ནས་བཟུང་ཀྲུང་ཡོན་ས་ཁུལ་དུ་གནས་པའི་རྒྱ་རིགས་དང་འབྲེལ་བ་བྱུང་ཡོད་ཅེས་པ་དེ་གཉིས་ཀྱི་གོང་གི་དུས་རབས་བར་མ་དང་འོག་གི་ཀྲུང་ཡོན་ས་ཁུལ་ཟེར་བ་དེ་གཉིས་རྒྱ་ཡིག་གི་中世纪དང་中原ཞེས་པ་དེ་གཉིས་ཐད་སྒྱུར་མི་བྱེད་པར་ཡོ་རོབ་ཀྱི་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་ཀྱི་དུས་སྐབས་ཞེས་པ་དང་རྨ་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ས་ཁུལ་ཞེས་དོན་སྒྱུར་བྱས་ན་ཅུང་གོ་བདེ་སྙམ། ཡང་དཔེར་ན། 《བོད་རྒྱ་ཤན་སྦྱར་གྱི་དངུལ་རྩའི་ཚིག་མཛོད》ནང་དུ་དཔལ་འབྱོར་ཞེས་པར་གོ་དོན་གཞན་ཏེ། “日常生活用语中:指节约,节省,个人或家庭的收支状况等”ཞེས་པ་དེ་བོད་ཡིག་ཏུ་དེ་ལྟར་སྒྱུར་དགོས་དོན་མེད། གང་ལགས་ཤེ་ན། བོད་སྐད་ནང་དཔལ་འབྱོར་ཞེས་པ་དེར་རྒྱ་ཡིག་ལྟར་གོང་གསལ་གྱི་གོ་དོན་མེད་པས་སོ། འོན་ཀྱང་། ཚིག་མཛོད་དེའི་ནང་རྒྱུན་སྤྱོད་ཀྱི་འཚོ་བའི་སྐད་ཆའི་ནང་གྲོན་ཆུང་དང་བསྲི་ཚགས། མི་སྒེར་རམ་ཁྱིམ་ཚང་གི་གཏོང་ཡོང་གནས་ཚུལ་སོགས་ལ་ཟེར་ཞེས་བསྒྱུར་འདུག བོད་སྐད་དུ་དཔལ་འབྱོར་ཞེས་པར་གྲོན་ཆུང་བསྲི་ཚགས་སོགས་པའི་གོ་དོན་བསྟན་རྒྱུ་མེད་པས་རྒྱ་ཡིག་མ་ཤེས་པའི་བོད་རིགས་ཤིག་གིས་ཚིག་དུམ་དེར་བལྟས་ན་ཡ་མཚན་སྐྱེ་རྒྱུར་གོར་མ་ཆག གཞན་ཡང་། རྒྱ་ཡིག་ནང“生产”ཞེས་པའི་ཚིག་དེ་བྱ་ཚིག་ཏུ་སྤྱོད་སྐབས་ཁྱབ་ཧ་ཅང་ཆེ་བས་ཐོན་སྐྱེད་ཅེས་བསྒྱུར་རྐྱང་བྱས་ན་བོད་སྐད་ཀྱི་བརྡ་སྤྲོད་དང་མི་མཐུན་པ་མ་ཟད། སྙན་ཆ་དོད་པོའང་མེད་སྟབས་རས་སོགས་ལ་འཐག་པ་དང་། འཕྲུལ་འཁོར་སོགས་ལ་བཟོས་པ། སྔོ་ཚལ་སོགས་ལ་འདེབས་པ་ཞེས་བསྒྱུར་ན་ཅུང་ལེགས་སྙམ།

ཡང་གཏམ་དཔེའི་ཐད་ནས་རགས་ཙམ་བརྗོད་ན། མི་རིགས་མི་འདྲ་བའི་ཡུལ་སྲོལ་གོམས་གཤིས་དང་བསམ་བློའི་འཁྱེར་ཕྱོགས་སོགས་མི་འདྲ་སྟབས་གཏམ་དཔེའི་དཔེ་དོན་སྦྱོར་སྟངས་ཀྱང་མི་འདྲ། དེར་བརྟེན། རྒྱ་ཡིག་ཀྱི“杀鸡给猴看”ཞེས་པ་དེ་བྱ་དེ་བསད་ནས་སྤྲེའུ་ལ་བསྟན་ཞེས་བསྒྱུར་བ་ལས། ར་བསད་ནས་ལུག་འདར་བ་ཞེས་བསྒྱུར་ན་འཚམ། གཞན་ཡང“不见棺材不落泪”ཞེས་པའི་གཏམ་དཔེར་སྤུར་སྒམ་མ་མཐོང་ན་མིག་ཆུ་མི་ལྷུང་ཞེས་ཐད་བསྒྱུར་མ་བྱས་པར། དམྱལ་བ་མ་མཐོང་ན་སངས་རྒྱས་ལ་ཡིད་མི་ཆེས་ཞེས་པའི་ཁ་དཔེ་ལྟར་བསྒྱུར་ཚེ་ཚིག་སྦྱོར་སྙན་ལ་གོ་དོན་ཟབ་པར་སྙམ། ཡང་དཔེར་ན། “狗嘴里吐不出象牙”ཞེས་པར་ཁྱིའི་ཁ་ནས་བ་སོ་མི་ཐོན་ཞེས་ཐད་བསྒྱུར་བྱེད་པ་ལས་སྤྱང་ཀིའི་ཁ་ནས་ཁྲག་མི་སྐྱུག་ཅེས་བསྒྱུར་ན་འཚམ་སྙམ།

སྒྲ་སྒྱུར་ཞེས་པ་ནི་བསྒྱུར་བྱ་མ་ཡིག་ནང་གི་མིང་བརྡ་སྒྱུར་བྱེད་བུ་ཡིག་གི་སྐད་ནང་དགོས་པའི་དབང་གིས་སྒྲ་རང་སོར་བཞག་ནས་བསྒྱུར་བར་ཟེར་ཞིང་། དེ་ནི་མིང་བརྡ་རྐྱང་པ་གོ་དོན་འགྲེལ་དཀའ་བའི་རིགས་དང་། བོད་དུ་མཐོང་དཀོན་པའི་སྲོག་ཆགས་དང་རྩི་ཤིང་། ས་མིང་ཡུལ་མིང་སོགས་དོན་སྒྱུར་བྱས་ན་མི་འཚམ་པ་ཁག་གཅིག་ལ་སྤྱད་ན་འཚམ་པོ་ཡོད། དཔེར་ན། 奥林匹克ཨའོ་ལིན་ཕིག 西瓜ཤིས་ཀྭ་སོགས་རེད།

མདོར་ན། ཡིག་སྒྱུར་ལག་ལེན་ནི་ཞིབ་ཆར་དོ་སྣང་ཆེན་པོ་བྱེད་དགོས་པའི་བྱ་བ་ཞིག་ཡིན་ལ། ཡིག་སྒྱུར་བྱེད་སྐབས་མ་ཡིག་ལ་གོ་བ་གཏིང་ཟབ་ལེན་དགོས། གསར་འགྱུར་ཡིག་སྒྱུར་ལ་ཆ་མཚོན་ན། ཚགས་པར་དང་། བརྙན་འཕྲིན། རླུང་འཕྲིན་བཅས་ལས་རིགས་ཆེ་ཁག་གསུམ་ཡོད། དེ་དག་བསྒྱུར་བའི་བྱ་བ་ནི་ལག་ལེན་གྱི་གཞི་རྒྱ་ཆེ་ཞིང་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་བ་དང་། ལྷག་པར་དུ་ཚགས་པར་གསར་འགྱུར་ཡིག་སྒྱུར་ནི་ཡིག་ཐོག་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་། ལས་བྱེད་ལས་བཟོ། མཐོ་རིམ་རྒྱལ་གཅེས་མི་སྣ། ཆོས་ཕྱོགས་མི་སྣ་སོགས་ལས་རིགས་མི་འདྲ་བ་དང་ཡོན་ཚད་མི་གཅིག་པའི་རྒྱ་ཆེའི་ཀློག་པ་པོར་རྒྱལ་སྤྱི་རྒྱལ་ནང་གི་གསར་འགྱུར་དང་། ལྷག་དོན་ཏང་གི་ལམ་ཕྱོཌ་དང་། མཛད་ཕྱོགས་སྲིད་ཇུས་བཅས་དུས་ཐོག་ཏུ་འཕྱུགས་པ་མེད་པར་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བའི་བྱ་བ་གལ་ཆེན་ཞིག་ཡིན་པས། ཚགས་པར་གསར་འགྱུར་ལོ་ཙཱ་བས་རྒྱ་ཡིག་གི་ནང་དོན་ལ་གོ་བ་འཕྱུགས་པ་མེད་པར་བླངས་ཏེ་བོད་སྐད་རྣལ་མའི་ལམ་ནས་རྒྱ་ཆེའི་ཀློག་པ་པོར་བརྗོད་བྱའི་ནང་དོན་ཇི་མ་ཇི་བཞིན་བསྟན་ཐུབ་རྒྱུར་འབད་དགོས་སྙམ།

(བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཚེ་ཁོ)