《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月18日

སློབ་ཚན་གླེང་བརྗོད་ཀྱི་གོ་དོན་དང་དེའི་ཁྱད་ཆོས་གླེང་བ།

སློབ་ཚན་གླེང་བརྗོད་ཀྱི་ནང་དོན་ནི་སྤྱི་ལོ1987ལོར་གསར་དུ་ཐོན་ཞིང་། དེ་ནི་རང་རྒྱལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཅན་གྱི་སློབ་ཁྲིད་སློབ་དཔྱོད་ཀྱི་བྱེད་སྒོའི་རྣམ་པ་ཞིག་རེད། ལོ་སུམ་ཅུ་ལྷག་ཙམ་གྱི་དུས་ཡུན་ནང་སློབ་གསོ་ཞིབ་འཇུག་གི་ལས་དོན་པ་རྣམས་དང་འཐབ་ས་མདུན་མའི་དགེ་རྒན་དཔུང་ཁག་རྣམས་ཀྱིས་མུ་མཐུད་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་ཇེ་ཆེར་བཏང་བས། དེང་གི་ཆར་འདི་ནི་སློབ་ཁྲིད་སྒྱུར་བཅོས་འཚོལ་ཞིབ་དང་། སློབ་ཁྲིད་སྤུས་ཚད་གོང་མཐོར་གཏོང་བའི་བྱེད་ཐབས་གསར་པ་ཞིག་ཏུ་གྱུར་ཡོད་ལ། དགེ་རྒན་གྱི་ཆེད་ལས་ནུས་རྩལ་གོང་མཐོར་གཏོང་བའི་གལ་ཆེའི་ཐབས་ལམ་ཞིག་ཏུ་ཡང་གྱུར་ཡོད།

ལོ་སུམ་ཅུ་ལྷག་ཙམ་གྱི་རིང་ལ། རང་རྒྱལ་གྱི་སློབ་གསོ་སློབ་ཁྲིད་ཞིབ་འཇུག་པ་རྣམས་དང་འཐབ་ས་མདུན་མའི་དགེ་རྒན་རྣམས་ཀྱིས་ཧུར་བརྩོན་ཆེན་པོས་སློབ་ཚན་གླེང་བརྗོད་ཀྱི་རིགས་པའི་གཞུང་ལུགས་ཐད་ཞིབ་འཇུག་བྱེད་པ་དང་། སློབ་ཁྲིད་ཀྱི་ལག་ལེན་དངོས་དང་ཟུང་འབྲེལ་བྱས་ཏེ་གསར་གཏོད་དང་བཅོས་སྒྱུར་སོགས་བྱས་པས་གྲུབ་འབྲས་ཀྱང་ཧ་ཅང་ཕུན་སུམ་ཚོགས་པོ་ཐོབ་ཡོད། དེང་གི་ཆར་མཚོན་ན། སློབ་ཚན་གླེང་བརྗོད་ཀྱི་བྱེད་སྒོ་འདི་ཉིད་དགེ་རྒན་ལས་གནས་གདན་ཞུའི་ཡིག་རྒྱུགས་ཁག་དང་། དགེ་རྒན་གྱི་ཆེད་ལས་ནུས་རྩལ་འགྲན་བསྡུར་སོགས་གང་སར་སྤྱོད་མུས་སུ་མཆིས།

དང་པོ། སློབ་ཚན་གླེང་བརྗོད་ཀྱི་གོ་དོན་བཤད་པ།

སློབ་ཚན་གླེང་བརྗོད་ཀྱི་ལག་ལེན་ཁྲོད་དུ། རིགས་མི་འདྲ་བའི་སློབ་ཚན་གླེང་བརྗོད་ཀྱི་དམིགས་ཡུལ་ཡང་མི་འདྲ་བས་སློབ་ཚན་གླེང་བརྗོད་ཀྱི་གོ་དོན་འཇོག་སྐབས་རིགས་མི་འདྲ་བ་མང་དུ་བྱུང་ཞིང་། དེ་དག་ལས《སློབ་ཆུང་རྒྱ་ཡིག་སློབ་ཚན་གླེང་བརྗོད་རྣམ་བཤད》ཅེས་པའི་ནང་དུ“སློབ་ཚན་གླེང་བརྗོད་ཅེས་པ་ནི་སློབ་གསོ་སློབ་ཁྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་འོག་སློབ་ཚན་གླེང་བརྗོད་མཁན‘དགེ་རྒན་དངོས་སམ་དགེ་རྒན་ཙམ་པོ་བ’ཡིས་ཞིབ་ཕྲའི་ཁྲིད་ཟིན་གྱི་རྨང་གཞིའི་སྟེང་ངག་ཐོག་གམ་འབྲེལ་ཡོད་རམ་འདེགས་བྱེད་ཐབས་ལ་བརྟེན་ནས། ཉན་པ་པོ་སྟེ‘ཆེད་ལས་མཁས་དབང་། དབུ་ཁྲིད། ལས་རོགས། རྒྱུགས་དཔོན། དཔྱད་འདེམས་པ། སློབ་མ’སོགས་ལ་ཁ་ཕྱོགས་ཏེ་སློབ་ཚན་ག་གེ་མོ་ཞིག་གམ་རིག་ཚན་ག་གེ་མོ་ཞིག་གི་སློབ་ཁྲིད་ཀྱི་ནང་དོན་དང་། སློབ་ཁྲིད་འཆར་བཀོད། སློབ་ཁྲིད་སྒྲིག་བཙུགས། དེ་བཞིན་སློབ་ཁྲིད་ཐབས་ཤེས་སོགས་ལ་དབྱེ་ཞིབ་དང་གསལ་བཤད་བྱེད་པའི་བྱེད་སྒོ་ཞིག་ཡིན”ཞེས་གསུངས་པ་ནི་ད་བར་སློབ་ཚན་གླེང་བརྗོད་ལ་གོ་དོན་བཞག་པའི་ཁྲོད་དུ་ཆེས་ཚད་དང་ལྡན་པ་ཞིག་ཡིན་ཞིང་། དེར་དམིགས་བསལ་གྱི་ཁྱད་ཆོས་འདི་དག་ལྡན་ཡོད་དེ།

1 གོ་དོན་འདིའི་ནང་དུ་སློབ་ཚན་གླེང་བརྗོད་སྐབས་ཀྱི་མི་སྣ་གཙོ་ཕལ་གཉིས་པོ་ཁ་གསལ་ངང་བསྟན་ཡོད་དེ། གླེང་བརྗོད་མཁན་དང་ཉན་པ་པོ་གཉིས་ཡིན་ལ། གླེང་བརྗོད་མཁན་ནི་གླེང་བརྗོད་བྱེད་སྒོའི་ཁྲོད་ཀྱི་མི་སྣ་གཙོ་བོ་དང་། ཉན་པ་པོ་ནི་གླེང་བརྗོད་བྱེད་སྒོའི་ཁྲོད་ཀྱི་མི་སྣ་ཕལ་པ་ཡིན།

2 གོ་དོན་འདིའི་ནང་དུ“སློབ་གསོ་སློབ་ཁྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་འོག”ཅེས་གསུངས་པ་འདི་ནི་སློབ་ཚན་གླེང་བརྗོད་ཀྱི་ངོ་བོའི་ཁྱད་ཆོས་ནི་རིགས་པའི་གཞུང་ལུགས་ཀྱི་རང་བཞིན་ཡིན་པ་མངོན་གསལ་དོད་པོས་བསྟན་ཡོད།

3 གོ་དོན་འདིའི་ནང་དུ“ངག་ཐོག་གམ་འབྲེལ་ཡོད་རམ་འདེགས་བྱེད་ཐབས་ལ་བརྟེན”ཞེས་པ་འདིས་སློབ་ཚན་གླེང་བརྗོད་སྐབས་ཀྱི་ལག་ཆ་གང་ཡིན་གསལ་པོར་བསྟན་ཡོད་དེ། སྤྱིར་ན་སྐད་ཆར་བརྟེན་ནས་འབྲེལ་འདྲིས་བྱེད་ནའང་། མཐའ་གཅིག་ཏུ་དེ་ཁོ་ནར་བརྟེན་པའི་ངེས་པ་མེད་དེ། སྐབས་རེ་ནག་པང་སྟེང་གང་གླེང་བྱའི་ནང་དོན་བརྗོད་བཞིན་དུ་འབྲི་བ་དང་། སྐབས་རེ་སྨྱན་ཆས་ལ་བརྟེན་པ། སྐབས་རེ་རི་མོ་སོགས་ཀྱི་རམ་འདེགས་བྱེད་ཐབས་ལ་བརྟེན་ནས་གླེང་བརྗོད་བྱས་ནའང་ཆོག་པར་གསུངས།

4 གོ་དོན་འདིའི་ནང་དུ“སློབ་ཚན་ག་གེ་མོ་ཞིག་གམ་རིག་ཚན་ག་གེ་མོ་ཞིག་གི་སློབ་ཁྲིད་ཀྱི་ནང་དོན་དང་། སློབ་ཁྲིད་འཆར་བཀོད། སློབ་ཁྲིད་སྒྲིག་བཙུགས། དེ་བཞིན་སློབ་ཁྲིད་ཐབས་ཤེས་སོགས”ཞེས་གསུངས་པ་འདིས་སློབ་ཚན་གླེང་བརྗོད་ཀྱི་ནང་དོན་ཁྱབ་ཁོངས་གསལ་བར་བསྟན་ཡོད།

5 གོ་དོན་འདིའི་ནང་དུ“བྱེད་སྒོ”ཞེས་གསུངས་པ་འདིས་སློབ་ཚན་གླེང་བརྗོད་ཀྱི་ཁྱབ་ཁོངས་ཧ་ཅང་ཆེན་པོ་ཡིན་པ་མཚོན་ཡོད་དེ། དེ་ནི་སློབ་དཔྱོད་བྱེད་སྒོ་དང་སློབ་ཁྲིད་བྱེད་སྒོ་ཙམ་མ་ཟད། འགྲན་བསྡུར་བྱེད་སྒོ་ཞིག་ཡིན་པ་ཡང་མཚོན་ནོ།

གཉིས་པ། སློབ་ཚན་གླེང་བརྗོད་ཀྱི་ཁྱད་ཆོས་བཤད་པ།

བྱ་དངོས་གང་དང་གང་ཞིག་ཡིན་རུང་། དེའི་ཐུན་མིན་གྱི་ཁྱད་ཆོས་ཞེས་པ་ནི་ལྟོས་བཅས་ཀྱི་དབང་གིས་ཡིན་གྱི། གང་ལ་ཡང་མ་ལྟོས་པའི་ཁྱད་ཆོས་རང་ག་བ་ཞིག་མེད་དོ། དེས་ན་འདིར་བཤད་པའི་སློབ་ཚན་གླེང་བརྗོད་ཀྱི་ཁྱད་ཆོས་ཞེས་པ་ཡང་སློབ་ཁྲིད་དངོས་གཞི་ལ་ལྟོས་ཏེ། དེའི་དམིགས་བསལ་གྱི་ཁྱད་ཆོས་འགའ་ཞིག་གླེང་བར་བྱ།

1 རིག་གཞུང་རང་བཞིན་གྱི་ཁྱད་ཆོས་ལྡན་པ།

སློབ་ཁྲིད་དངོས་ལ་འཇུག་སྐབས་ཁྲིད་བྱའི་ནང་དོན་གང་ཡིན་དང་། དེ་ཐབས་ཇི་ལྟ་བུས་ཁྲིད་མིན། སློབ་ཁྲིད་ཀྱི་བརྒྱུད་རིམ་ཇི་ལྟ་བུ་ཡིན་མིན་བཅས་གསུམ་ལ་དོ་གལ་བྱ་རྒྱུ་ཙམ་ཡིན་གྱི། སློབ་ཚན་གླེང་བརྗོད་ནི་གོང་གི་གནད་དོན་གསུམ་ཕུད་གཞན་ད་དུང་དེ་ལྟར་སློབ་ཁྲིད་བྱེད་དགོས་པའི་རྒྱུ་མཚན་ལ་ཡང་མནོ་བསམ་གཏོང་རྒྱུ་ཡིན་པས། སློབ་ཚན་གླེང་བརྗོད་སྐབས་གང་ཁྲིད་བྱའི་སློབ་ཚན་གྱི་འཆར་བཀོད་གླེང་བ་མ་ཟད། དེ་ལྟར་འཆར་བཀོད་བྱེད་དགོས་དོན་དང་། དེར་རིགས་པའི་གཞུང་ལུགས་སོགས་ཀྱི་ལུང་དང་རིགས་པའི་སྒྲུབ་བྱེད་གང་ཡོད་མིན་ཡང་གླེང་དགོས། འོ་ན་དེ་ལྟ་བུའི་རིགས་པའི་གཞུང་ལུགས་ཀྱི་སྒྲུབ་བྱེད་དེ་གང་ནས་ཐོབ་པ་ཡིན་ནམ་ཞེ་ན། འདི་ནི་སློབ་གསོ་རིག་པ་དང་། སེམས་ཁམས་རིག་པ། བསླབ་ཚན་ཁག་སོ་སོའི་ཚད་གཞི་སོགས་སློབ་གསོ་རིགས་པའི་གཞུང་ལུགས་ལས་བྱུང་བ་ཞིག་རེད་ལ། སློབ་ཚན་གླེང་བརྗོད་ཀྱི་སྐབས་སུ་ངེས་པར་དུ་སློབ་ཁྲིད་དང་སློབ་གསོ་སེམས་ཁམས་རིགས་པ་སོགས་ཀྱི་གཞུང་ལུགས་ཀྱི་ཤེས་བྱ་ངེས་པར་དུ་ལྡན་དགོས། དེ་མེད་ན་སློབ་ཚན་གླེང་བརྗོད་ཚད་དང་ལྡན་པ་ཞིག་ཡོང་མི་སྲིད་ཅེས་ཁ་ཚོན་བཅད་ནས་བཤད་ཆོག

2 སྟབས་བདེའི་རང་བཞིན་གྱི་ཁྱད་ཆོས་ལྡན་པ།

སློབ་ཁྲིད་དངོས་གཞིའི་སྐབས་སུ་སློབ་མ་དངོས་སུ་ཞུགས་དགོས་པ་དང་། སློབ་ཁྲིད་ཀྱི་ཁོར་ཡུག་དང་སྒྲིག་ཆས་སོགས་ལ་རེ་བ་མི་དམན་ཙམ་ཡོད། ཡིན་ནའང་སློབ་ཚན་གླེང་བརྗོད་ཀྱི་སྐབས་སུ་སློབ་མ་ཞུགས་མི་དགོས་ལ། དེར་ཞུགས་མི་གྲངས་མང་ཉུང་ཅི་རིགས་ཡིན་པས་ཆོག དེས་མ་ཚད་ཁོར་ཡུག་དང་སྒྲིག་ཆས་ཐད་ཀྱི་རེ་བ་ཡང་མི་མཐོ། དེ་བཞིན་དུས་ཚོད་ཀྱི་ཐད་ནས་བརྗོད་ན་རིང་ཐུང་གང་ཡིན་རང་མོས་ཆེ། མདོར་ན། སློབ་ཚན་གླེང་བརྗོད་ཀྱི་སྐབས་སུ་དུས་ཚོད་དང་། ས་གནས། མི་གྲངས། ཁོར་ཡུག སྒྲིག་ཆས་སོགས་ཀྱི་ཚད་བཀག་རང་བཞིན་མེད་པས། བྱེད་སྒོ་དེ་རིགས་སྤེལ་སྐབས་སྟབས་བདེའི་རང་བཞིན་གྱི་ཁྱད་ཆོས་ལྡན་ཡོད།

3 དུས་ཐུང་ནང་ཕན་འབྲས་ཆེ་བའི་ཁྱད་ཆོས་ལྡན་པ།

དེ་ཡང་སློབ་ཁྲིད་དངོས་ལ་མཚོན་ན་སྤྱིར་བཏང་སྐར་མ40ཡིན་དགོས་པ་དང་། སློབ་ཚན་གླེང་བརྗོད་ཐེངས་གཅིག་ནི་སྐར་མ10-15བར་དུ་ལེགས་གྲུབ་ཐུབ་པ་མ་ཟད། ནང་དོན་གྱི་ཐད་ནས་བརྗོད་ན་སློབ་ཁྲིད་དངོས་གཞི་ལས་ཕུན་སུམ་ཚོགས་པ་ཡོད་དེ། འདིར་འཁྲིད་བྱ་གང་ཡིན་པ་དང་། ཐབས་ཇི་འདྲ་སྤྱད་དེ་སློབ་ཁྲིད་བྱེད་པ། སློབ་ཁྲིད་ཀྱི་བརྒྱུད་རིམ་ཇི་ལྟ་བུ་ཡིན་མིན་གླེང་དགོས་པ་ཕུད། ད་དུང་དགེ་རྒན་གྱིས་འཁྲིད་བྱའི་སློབ་ཚན་ལ་རྒྱུས་མངའ་གཏིང་ཟབ་བྱས་རྗེས་དབྱེ་ཞིབ་དང་། ཐག་གཅོད་བྱེད་ཐབས་ཡོད་པ་གང་ཞིག སློབ་ཚན་ཁྲིད་ཐབས་ཀྱི་འཆར་འགོད་དང་། དེ་ཇི་ལྟར་ཁྲིད་མིན། དེ་ལྟར་ཁྲིད་དགོས་དོན་བཅས་ལུང་དང་རིགས་པར་བརྟེན་ནས་གླེང་དགོས་པས་ནང་དོན་ཆ་ཚང་ལ་དེའི་ཕན་འབྲས་ཀྱང་ཆེ་བར་མངོན།

4 སློབ་ཁྲིད་དང་ཞིབ་འཇུག་ཟུང་འབྲེལ་གྱི་ཁྱད་ཆོས་ལྡན་པ།

སྤྱིར“སློབ་ཁྲིད”དང“ཞིབ་འཇུག”མཉམ་འགྲོགས་བྱེད་ཅེས་པའི་སྐད་ཆ་འདི་ཉིད་ནི་དགེ་རྒན་གྱི་འཚོ་བའི་ནང་དུ་དུས་དང་རྣམ་པ་ཀུན་ཏུ་གླེང་དང་གླེང་བཞིན་པའི་བརྗོད་བྱ་ཞིག་ཡིན་མོད། ཡིན་ནའང་། དོན་དངོས་ཀྱི་ལག་ལེན་ཁྲོད་དུ་རང་ཁ་སོ་སོར་གྱུར་བཞིན་ཡོད་དེ། སློབ་ཁྲིད་ཀྱི་འཐབ་ས་མདུན་མའི་དགེ་རྒན་ཕལ་ཆེ་བས་ནུས་པ་དང་སེམས་ཤུགས་ཡོད་ཚད་སློབ་ཁྲིད་ཁོ་ནའི་སྟེང་དུ་བཞག་སྟེ། དུས་ཐོག་ཏུ་སློབ་ཁྲིད་ཀྱི་ལས་འགན་ལེགས་སྒྲུབ་ཡོང་བ་བྱེད་ཐུབ་ན་དེ་ཁོ་ནས་འདོད་བློ་ཁེངས་བཞིན་ཡོད་པ་ལས་ཞིབ་འཇུག་ལ་དོ་སྣང་མི་བྱེད། ཡང་སློབ་གསོ་ཞིབ་འཇུག་པ་མང་ཆེ་བས་ནུས་པ་དང་སེམས་ཤུགས་ཡོད་ཚད་ཞིབ་འཇུག་ཁོ་ནའི་སྟེང་འཇོག་པ་ལས་སློབ་ཁྲིད་ལ་དོ་གལ་མི་བྱེད། ཡིན་ནའང་། སློབ་ཚན་གླེང་བརྗོད་ཀྱི་བྱེད་སྒོ་འདི་ནི་སློབ་ཁྲིད་ཀྱི་འཆར་བཀོད་དང་སློབ་ཁྲིད་ཞིབ་འཇུག་གཉིས་ཀ་ཡ་མ་བྲལ་བའི་བྱེད་སྒོ་ཞིག་ཡིན་པས། དེས་དགེ་རྒན་གྱི་བྱང་ཚད་གོང་མཐོར་གཏོང་ཐུབ་སྟེ། སློབ་ཚན་གླེང་བརྗོད་བྱེད་སྐབས་དུས་ཐུང་ནང་བསླབ་གཞིར་དབྱེ་ཞིབ་དང་། སློབ་ཁྲིད་ཀྱི་དམིགས་ཡུལ། སློབ་ཁྲིད་ཀྱི་ཐབས་ཤེས། སློབ་ཁྲིད་ཀྱི་བརྒྱུད་རིམ་སོགས་གླེང་དགོས་པ་མ་ཟད། རིགས་པའི་གཞུང་ལུགས་ཀྱི་ཁུངས་དང་ལུང་ཡང་གླེང་དགོས་པས་སློབ་གསོ་རིག་པ་དང་། སེམས་ཁམས་རིག་པ། བསླབ་ཚན་ཁག་གི་ཚད་གཞིའི་གཞུང་ལུགས་སོགས་ལ་རང་ཉིད་ཀྱིས་ཞིབ་འཇུག་དང་དབྱེ་ཞིབ། རྒྱུས་མངའ་བཅས་མེད་ན་རང་ཉིད་ཀྱི་སློབ་ཚན་གླེང་བརྗོད་དེ་ཚད་ལྡན་ཞིག་ཡོང་མི་ཐུབ་པ་དང་། གཞན་ཡང་སློབ་ཚན་གླེང་བརྗོད་སྐབས་ཀྱི་ཉན་པ་པོའི་ངོས་ནས་བརྗོད་ན་དེ་དག་ཕལ་ཆེ་བ་ནི་སློབ་དཔྱོད་པ་དང་། ཆེས་མཐོའི་དགེ་རྒན། སློབ་གྲྭའི་དབུ་ཁྲིད། དགེ་འོས་སློབ་གྲྭ་ཁག་གི་འབྲེལ་ཡོད་ཆེད་ལས་དགེ་རྒན་སོགས་མདོར་ན་སློབ་ཁྲིད་ཀྱི་གཞུང་ལུགས་ཀྱི་ཆུ་ཚད་དང་། ཞིབ་འཇུག་གི་ནུས་པ། ཞིབ་འཇུག་གི་ཉམས་མྱོང་བཅས་ཕུན་སུམ་ཚོགས་པའི་མི་སྣ་ཤ་སྟག་ཡིན་པས། རང་ཉིད་དེ་དག་ལ་ཁ་གཏད་དེ་སློབ་ཚན་གླེང་བརྗོད་བྱེད་སྐབས་རང་ཉིད་ལ་གནོན་ཤུགས་མི་ཉུང་བ་ཞིག་ཡོང་ངེས་ལ། དེ་དང་བསྟུན་ནས་རང་ཉིད་ཀྱི་ཆུ་ཚད་ཡང་གོང་མཐོར་འགྲོ་ངེས། མདོར་ན། སློབ་ཚན་གླེང་བརྗོད་ཀྱིས་སློབ་ཁྲིད་དང་ཞིབ་འཇུག་གི་གཤོག་ཟུང་ཡ་མ་བྲལ་བར་སློབ་གསོའི་མཁའ་དབྱིངས་མཐོན་པོར་ནམ་འཕང་གཅོད་ངེས་སོ།

5 བསམ་བློ་བརྗེ་རེས་རང་བཞིན་གྱི་ཁྱད་ཆོས་ལྡན་པ།

སློབ་ཚན་གླེང་བརྗོད་སྐབས་སུ་དགེ་རྒན་ཕན་ཚུན་དབར་སློབ་ཁྲིད་འཆར་ཟིན་སོགས་ཀྱི་ཐད་བསམ་བློ་བརྗེ་རེས་དང་ཉམས་མྱོང་སྤེལ་རེས་བྱེད་པས། ཐུན་མོང་ཐོག་ཡར་རྒྱས་འགྲོ་ངེས། གལ་སྲིད་སློབ་དཔྱོད་བྱེད་སྒོ་དེ་ལྟ་བུ་ཞིག་མེད་ན། རང་འགུལ་དང་སེམས་ཆུང་ངང་གཞན་གྱི་ལེགས་ཆ་ལེན་པ་དང་རང་གི་སྐྱོན་རྟོགས་པའི་གོ་སྐབས་ཤིག་མེད་དོ།

(ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་སྐལ་བཟང་དགྲ་འདུལ)