《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月18日

ནོར་བུ་ཚེ་རིང་གིས།

རི་མོར་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་བཏོད་པ།

“ང་ཐང་ག་འབྲི་རྒྱུར་དགའ་པོ་ཡོད། ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་རྗེས། གཅིག་ནས་ངའི་དགའ་ཕྱོགས་དང་བསྟུན་ཐུབ་པ་དང་། གཉིས་ནས་ཡོང་འབབ་རག་ཐུབ་པས་འཚོ་བ་སྐྱིད་པོ་འདུག”ཅེས་ཆུ་ཤུར་རྫོང་ཚལ་སྣེ་ཤང་དུས་བཞི་བཀྲ་ཤིས་གྲོང་ཚོའི་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་མཁན་ནོར་བུ་ཚེ་རིང་གིས་བརྗོད་བྱུང་།

1990ལོར་སྐྱེས་པའི་ནོར་བུ་ཚེ་རིང་རྣམ་གླིང་ཤང་རྣམ་གླིང་གྲོང་ཚོའི་ཁྱིམ་ཚང་དབུལ་པོ་ཞིག་ཏུ་སྐྱེས། ཕ་མ་ལུས་པོ་གཅོང་ཆེན་ཡིན་པས་ཆུང་བྱིས་པའི་དུས་ཀྱི་ནོར་བུ་ཚེ་རིང་སློབ་ཆུང་འགྲིམས་ཁོམ་མ་བྱུང་བར་ཐང་ག་སྦྱོང་བར་ཕྱིན་པ་དང་ད་བར་ལོ་17སོང་ཡོད། ལོ་17རིང་ནོར་བུ་ཚེ་རིང་གིས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ནས་རིམ་བཞིན་ཁག་གཅིག་པའི་སློབ་མའི་ཁྲོད་ནས་སྦྱངས་འབྲས་འབུར་དུ་ཐོན།

2016ལོའི་ཟླ་12པའི་ཟླ་མཇུག་ཏུ་ནང་མི་ཚང་མ་དུས་བཞི་བཀྲ་ཤིས་གྲོང་ཚོར་སྤོས་རྗེས། ནོར་བུ་ཚེ་རིང་ལ་བྱ་གཞག་གཏོད་པའི་བསམ་ཚུལ་ཐོག་མར་བྱུང་ཡོད། ནོར་བུ་ཚེ་རིང་གིས་ཕྱོགས་ཁག་གི་རོགས་རམ་འོག་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་རོགས་རམ་འོག་དེ་སྔོན་གཞི་ཁྱོན་ཆུང་བའི་མི་སྒེར་གྱི་ཐང་ག་བཞེངས་ས་དེ་ཚད་ལྡན་ཅན་དང་། གཞི་ཁྱོན་ཅན། ཚོང་ལས་ཅན་གྱི་ཐང་ག་བཞེངས་སར་གྱུར། འབྲི་ལུགས་དང་ཉམས་འགྱུར་འབུར་དུ་ཐོན་ཕྱིར། ཁོང་གིས་ཡུལ་དང་། ངལ་ནུས། གྲོང་ཚོ་གསར་པའི་ཐོན་ལས་གསར་པའི་རྨང་གཞིའི་ལེགས་ཆ་སྤྱད་དེ་དུས་བཞི་བཀྲ་ཤིས་གྲོང་ཚོའི་ཀརྨ་སྒར་བྲིས་ལུགས་ཀྱི་དམིཌ་བསལ་ཐང་ག་བཏོད་པས། 2017ལོར་ཡོང་འབབ་སྒོར་ཁྲི་4.3ལྷག་ཙམ་བྱུང་ཡོད། དེ་ནས་ནོར་བུ་ཚེ་རིང་གིས་ཐང་གའི་མཉམ་ལས་ཁང་དངོས་སུ་བཙུཌ་པ་རེད། “མཉམ་ལས་ཁང་བཙུགས་པའི་ཐོག་མའི་དུས་སུ་ང་ཚོའི་ཚོགས་པར་མི་6ལས་མེད། དེའི་ཐད་དགའ་ཕྱོགས་ཡོད་པའི་གྲོང་མིར་སྟབས་བདེ་བསྐྲུན་ཆེད། ང་ཚོས་ལས་སྒྲུབ་བྱ་ཡུལ་གྲོང་ཚོའི་ནང་བཙུགས་པ་ཡིན། 2019ལོར་ཚོགས་པའི་མི་གྲངས་13བར་མང་དུ་ཕྱིན་ཡོད”ཅེས་ཁོང་གིས་བརྗོད་བྱུང་།

མི་རྣམས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས་བོད་ཀྱི་རིག་གནས་ལ་དགའ་ཞེན་དེ་བས་ཆེ་རུ་ཕྱིན་ཡོད། བོད་ཀྱི་རིག་གནས་ཀྱི་མཚོན་སྟངས་གཙོ་བོའི་གྲས་ཤིག་ཡིན་པའི་ཐང་གར་ཡང་འཕེལ་རྒྱས་ཆེན་པོ་འགྲོ་བའི་གོ་སྐབས་འཕྲད་ཡོད། ནོར་བུ་ཚེ་རིང་གི་མཉམ་ལས་ཁང་གིས་ས་གནས་དེ་གའི་ཞིང་འབྲོག་པའི་ལག་ཤེས་དང་ངལ་ནུས་ལ་བརྟེན་པ་མ་ཟད། ད་དུང་ཁྱད་ཆོས་མངོན་གསལ་དོད་པ་དང་མ་གནས་ཀྱི་ལེགས་ཆ་ཆེན་པོ་ལྡན་ཡོད། དེར་བརྟེན་ཁོང་ཚོའི་ཐོན་རྫས་བྲིན་ཁ་རྒྱུག་པོ་ཡོད་པས་ཁྲོམ་རའི་མདུན་ལམ་བཟང་པོ་ཡོད།

ཕྱུག་པོ་ཆགས་པའི་ནོར་བུ་ཚེ་རིང་གིས་ཡུལ་མི་ཚོ་གཏན་ནས་བརྗེད་མྱོང་མེད། ཁོང་གིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བའི་ཞོར་ལ་གྲོང་ཚོའི་ཁྱིམ་ཚང་དབུལ་པོར་རོགས་རམ་གང་ཐུབ་བྱེད་ཀྱི་ཡོད། མཉམ་ལས་ཁང་ལ་ཐོག་མར་ཕན་འབྲས་བྱུང་བའི་སྐབས་སུ་ཁོང་གིས་སྒོར་3000ལྷག་ཙམ་བཏང་ནས་ས་གནས་དེ་གའི་དུད་ཚང་དབུལ་པོ་15ལ་འཚམས་འདྲི་བྱས་ཏེ་ལས་གཏོད་གཞོན་ནུ་ཞིག་གི་སེམས་པ་མཚོན་པར་བྱས་པ་རེད།