《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月18日

ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན།

—— 《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》ལ་གསལ་འགྲེལ་བྱས་པ།

“ཕྱོགས་ཡོངས་བཞིའི”བཀོད་ཇུས་གསར་པ། ཕྱོཌ་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ།

འཆར་འགོད་ཀྱི《གྲོས་འགོ》ཁ་ཕྱེ་ནས་ལྟ་སྐབས་དེའི་ནང“ལོ་ལྔ་ཚན་བཅུ་བཞི་པའི”འཐབ་ཇུས་བཀོད་ཇུས་ལ་རྒྱས་བཤད་གསར་པ་བྱས་པ་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ཀྱི་འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་དགོས།

ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དགེ་རྒན་ཆེ་མོ་བ་ཤིན་མིང་གིས། “ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ”ནས“ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི”བར། ཀྲུང་གོས་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་རྐྱང་ཐོག་སྐྱོད་འགོ་འཛུགས་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་དེ་ཐོག་ནས་རང་རེའི་ཏང་གིས་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་ངོས་འཛིན་བྱེད་ཚད་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་མཚོན་ཡོད་ཅེས་བཤད།

འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ནི་སྒྱུར་བཅོས་ཀྱི་འགག་རྩ་གསར་པ་ཞིག་རེད། འཆར་འགོད་ཀྱི《གྲོས་འགོ》ཡི་ནང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བར་དམིགས་ཏེ་བཀོད་སྒྲིག་གསར་པ་བྱས་པ་སྟེ། རིགས་ཁག་གི་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱེད་པ་དང་། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ། དེང་རབས་ཀྱི་ནོར་ཁྲལ་དངུལ་རྩའི་སྒྲིག་སྲོལ་འཛུགས་པ། ཚད་གཞི་མཐོ་བའི་ཚོང་རའི་མ་ལག་འཛུགས་པ་བཅས་བྱས་ནས་སྲིད་གཞུང་གི་འགན་ནུས་གང་མགྱོགས་སྒྱུར་དགོས།

ཝང་ཅུན་གྱིས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར། ལམ་ལུགས་དང་བཅོས་སྐྱོང་མ་ལག་འཛུགས་པར་དེ་བས་དོ་སྣང་བྱེད་པ་དང་། གཏིང་ཟབ་པའི་ལམ་སྲོལ་དང་སྒྲིག་སྲོལ་གྱི་གནད་དོན་དེ་བས་ཐག་གཅོད་མང་པོ་བྱེད་པ། སྒྱུར་བཅོས་ཀྱི་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་སྔར་བས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་བཤད།

ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ། ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་དགོས་པ་དང་། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ཀྱི་ལམ་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་དགོས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ཀྱིས་དོན་འཁྱོལ་བྱེད་དགོས་པ། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་སོགས་འཆར་འགོད་ཀྱི《གྲོས་འགོ》ཡི་ནང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བར་དམིགས་ནས་བཀོད་སྒྲིག་རབ་དང་རིམ་པ་བྱས་ཡོད།

ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཅང་ཅིན་ཆོན་གྱིས། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་ནི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པའི་འགན་ལེན་གལ་ཆེན་ཞིག་རེད། ཀྲུང་གོའི་བྱ་བ་ལེགས་པར་སྒྲུབ་པར་འགག་རྩ་ཏང་ལ་ཐུག་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བྱ་གཞག་ལ་འགོ་ཁྲིད་བྱ་རྒྱུ་ནི་ལོ་རྒྱུས་དང་མི་དམངས་ཀྱི་གདམ་ག་རེད། དེར་ལོ་རྒྱུས་ཀྱི་གཞི་འཛིན་ས་དང་། རིཌ་པའི་གཞུང་ལུགས་ཀྱི་གཞི་འཛིན་ས། དོན་དངོས་ཀྱི་གཞི་འཛིན་ས་བཅས་གང་ལེགས་ལྡན་ཡོད་ཅེས་བཤད།

འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆེ་གྲས་ལྔ། “ལོ་ལྔ་ཚན་བཅུ་བཞི་པའི”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ།

འཆར་འགོད་ཀྱི《གྲོས་འགོ》ཡི་ལྟེ་བའི་ནང་ནང་དོན་ཁག་12ཐོག་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་ཀྱི་ལས་འགན་གལ་ཆེན་མངོན་པར་བྱས་ཤིང་། དེའི་རྒྱབ་ཏུ་གཏན་ཚིགས་གསལ་པོ་ཞིག་ཁྱབ་ཡོད་པ་སྟེ། བློ་བརྟན་འགྱུར་མེད་ཀྱིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་པ་དེ་རེད།

ཕྱོགས་12ཐད་ཀྱི་ལས་འགན་གལ་ཆེན་ནང“གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ”དེ་ཨང་དང་པོར་བཞག་ཡོད།

རང་རྒྱལ་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ཁྲོད་ཀྱི་གསར་གཏོད་ཀྱི་ལྟེ་བའི་གནས་བབ་མཐའ་འཁྱོངས་ཀྱིས། ཚན་རྩལ་རང་ཚུགས་རང་སྤེལ་བྱ་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འདེགས་སྐྱོར་དུ་བྱེད་དགོས་པ་སོགས་འཆར་འགོད་ཀྱི《གྲོས་འགོ》ཡི་ནང་གསར་གཏོད་དེ་འཆར་འགོད་ལས་འགན་ཁག་གི་ཨང་དང་པོར་བཞག་ནས་དམིགས་སུ་བཀོད་སྒྲིག་བྱས་ཡོད།

“དེ་ནི་རང་རེའི་ཏང་གིས་སྒྲིག་བཟོ་བྱས་པའི་ལོ་ལྔའི་འཆར་འགོད་ཀྱི་གྲོས་འགོའི་ལོ་རྒྱུས་ཐོག་གི་ཐེངས་དང་པོ་ཡིན་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཛམ་གླིང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་དང་། མིག་སྔར་གཞི་ཚུགས་པ། ཕུགས་ལ་དམིགས་པ་བཅས་ཀྱི་འཐབ་ཇུས་བཀོད་ཇུས་ཤིག་ཀྱང་རེད་ཅེས་ཚན་རིག་ལག་རྩལ་པུའི་པུའུ་ཀྲང་ཝང་ཀྲི་ཀང་གིས་བཤད།

“ཁེ་ལས་ནི་གསར་གཏོད་ཀྱི་བྱེད་པོ་དང་གཙོ་ཤུགས་དམག་ཡིན་ལ། གསར་གཏོད་ཀྱི་གྲུབ་འབྲས་སྤྱོད་མཁན་དང་ཕན་པ་ཐོབ་མཁན་ཡང་ཡིན་པས་གོམ་སྟབས་རྗེས་མར་འགག་རྩའི་ཁྱབ་ཁོངས་སུ་ཚད་བརྒལ་གལ་ཆེན་ཡོང་བའི་བརྩོན་ལེན་བྱས་ཏེ། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྔར་བས་རམ་འདེགས་ཡག་པོ་བྱེད་དགོས ”ཞེས་དབྱི་ལི་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཧྥན་ཀང་གིས་བཤད།

འཆར་འགོད་ཀྱི《གྲོས་འགོ》ལ་ལྟ་སྐབས་མཐུན་སྦྱོར་དང་། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འདུ་ཤེས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་བླང་བྱ་མཚོན་ཡོད་པ་སྟེ།

རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་བཀོད་པ་ལེགས་སུ་བཏང་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་དགོས་པ་དང་།

ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས་པ།

ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ལག་བསྟར་བྱས་ནས་མཉམ་ལས་གཉིས་ཕན་གྱི་རྣམ་པ་གསར་པ་གཏོད་དགོས་པ།

མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་བཏང་ནས་སྤྱི་ཚོགས་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་ལ་སོགས་རེད།

“འཆར་འགོད་ཀྱི《གྲོས་འགོ》ཡི་ནང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འབྱུང་འགྱུར་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ཏུ་ཁྱབ་པ་གང་ལེགས་མངོན་པ་དང་། འབྱུང་འགྱུར་གྱི་འཆར་གཞི་དེ་དོན་དངོས་སུ་འགྱུར་བའི་ཐབས་ལམ་གསལ་པོར་བསྟན་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་པར་ཁྲིད་སྟོན་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་དམངས་དུང་ཕྱུར་མང་པོར་ཕན་པ་ཐོབ་པ་བྱེད་དགོས”ཞེས་ཝང་ཅུན་གྱིས་བཤད།

འཕེལ་རྒྱས་ཀྱི་དམིཌ་ཚད་དྲུག “ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་འགོད་པ།

“ལོ་ལྔ་ཚན་བཅུ་བཞི་པའི”རིང་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པའི་ལོ་ལྔ་ཚན་དང་པོ་དེ་ཡིན་པས། འགོ་ཡག་པོ་འཛུགས་ཐུབ་མིན་དང་གོམ་པ་བརྟན་པོ་ཞིག་སྤོ་ཐུབ་མིན་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།

འཆར་འགོད་ཀྱི《གྲོས་འགོ》ཡི་ནང“གསར་པ”དྲུག་གི་ཐོག་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་བཏོན་པ་སྟེ།

དཔལ་འབྱོར་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་ཐོབ་པ་དང་། སྒྱུར་བཅོས་སྒོ་དབྱེར་གོམ་སྟབས་གསར་པ་སྤོས་པ། སྤྱི་ཚོགས་ཀྱི་ཤེས་དཔལ་ལྡན་ཚད་སླར་ཡང་མཐོ་རུ་སོང་བ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཡར་རྒྱས་གསར་པ་བྱུང་བ། དམངས་འཚོའི་བདེ་རྩ་ཆུ་ཚད་གསར་པར་སླེབས་པ། རྒྱལ་ཁབ་བཅོས་སྐྱོང་གི་ནུས་པ་སླར་ཡང་ཆེ་རུ་ཕྱིན་ཡོད།

“ཀྲུང་དབྱང་གིས་2035ལོའི་ཕུགས་ཀྱི་དམིགས་ཚད་གཏན་འཁེལ་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་འཕེལ་ཕྱོགས་དང་རང་རྒྱལ་གྱི་འཕེལ་རྒྱས་ཆ་རྐྱེན་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིག་བྱས་ནས་དམིགས་ཚད་གཙོ་བོ་བཏོན་ཏེ། ‘ལོ་ལྔ་ཚན་བཅུ་བཞི་པའི’རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྤྱི་ཁོག་གི་སྒྲོམ་གཞི་སྐྲུན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པར་ཚད་བརྒལ་ས་དང་ཤུགས་རྒྱག་ས་གནད་ལ་འཁེལ་པོས་འཚོལ་ཞིབ་བྱས་ཡོད”ཅེས་ཤིན་མིང་གིས་བཤད།

སྤྱི་ཚོགས་ཀྱི་ཤེས་དཔལ་ཚད་གཞི་སླར་ཡང་མཐོ་རུ་སོང་བར་དམིགས་ཏེ། འཆར་འགོད་ཀྱི《གྲོས་འགོ》ཡི་ནང་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དང་རིག་གནས་ཐོན་ལས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་དམངས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་ཉིན་རེ་བཞིན་ཕུན་སུམ་ཚོགས་སུ་བཏང་ནས་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ་སོགས་རེད།

ཀྲུང་དབྱང་དྲིལ་བསྒྲགས་པུའི་རྒྱུན་གཏན་ལས་དོན་གྱི་ལས་འགན་ཁག་བགོས་ཀྱི་པུའུ་ཀྲང་གཞོན་པ་ཝང་ཞའོ་ཧུའེ་ཡིས། 《འཆར་འགོད་ཀྱི《གྲོས་འགོ》ཡི་ནང་2035ལོར་སླེབས་སྐབས་རིག་གནས་སྟོབས་ལྡན་རྒྱལ་ཁབ་སྐྲུན་ཐུབ་པ་བྱེད་དགོས་པ་ཁ་གསལ་བཏོན་པ་མ་ཟད། ད་དུང་རིག་གནས་འཛུགས་སྐྱོང་ལ་བཀོད་སྒྲིག་བྱེད་པའི་ཐད་ཀྱི་ནང་དོན་ཆེད་མངགས་བཏོན་ཡོད། སླད་ཕྱིན་ལོ་ལྔའི་རིང་གི་རིག་གནས་འཛུགས་སྐྱོང་གི་གཞི་རྩའི་བསམ་ཕྱོགས་དང་གཙོ་གནད་ལས་འགན་བཏོན་པ་དེ་ཐོག་ནས་རང་རེའི་ཏང་གིས་རིག་གནས་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་ལུགས་མཚོན་ཡོད་ཅེས་བཤད།

མིག་སྔར། རང་རྒྱལ་གྱི་མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཨ་སྒོར་ཁྲི་1ལྷག་ཙམ་ཟིན་པ་དང་ཡོང་འབབ་འབྲིང་གྲས་ཀྱི་མི་ཚོགས་དུང་ཕྱུར་4ལྷག་ཙམ་ཟིན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ནི་རང་རྒྱལ་འདི་ཉིད་ཡོང་འབབ་མཐོ་བའི་རྒྱལ་ཁབ་ཕྱོགས་སུ་སྐྱོད་པའི་འགག་རྩའི་དུས་སྐབས་ཤིག་ཡིན། འཆར་འགོད་ཀྱི《གྲོས་འགོ》ཡི་ནང་ཡོང་འབབ་བགོ་བཤའི་ཁྱབ་ཁོངས་སུ་ཐབས་མང་མཉམ་སྤྱོད་ཀྱི་སྲིད་ཇུས་ཆ་ཚང་ཞིག་བཟོས་པའི་ནང་ལུགས་མཐུན་ངང་གླ་ཕོགས་སྤོར་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡོང་འབབ་དམའ་བའི་མང་ཚོགས་ཀྱི་ཡོང་འབབ་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ། ཡོང་འབབ་འབྲིང་གྲས་ཀྱི་མི་ཚོགས་རྒྱ་སྐྱེད་གཏོང་བ། ཐབས་ལམ་མང་པོའི་ཐོག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་བ་བཅས་བྱས་ཏེ། “ཐུན་མོང་ཐོག་ཕྱུག་པོ་ཆགས་པར་སྐུལ་འདེད་ཏན་ཏིག་གཏོང་བའི”ཕྱོགས་སུ་གོམ་སྟབས་ནུས་ལྡན་སྤོ་དགོས་པ་ཚུད་ཡོད།

རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་ཉིང་ཅི་ཀྲེ་ཡིས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་འོག་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལྟར། རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་རྩ་གནད་གཏན་འབེབས་བྱེད་པའི་འབྲེལ་ཡོད་ལས་དོན་ལེགས་པར་བསྒྲུབས་པ་དང་། འཆར་འགོད་ཀྱི《གྲོས་འགོ》ཡི་ནང་གཏན་འཁེལ་བྱས་པའི་ཁ་ཕྱོགས་ཆེན་པོ་དང་འཐབ་ཇུས་ཆེན་པོ་གཞིར་བཟུང་། ནན་ཏན་གྱིས་ཚད་ལེན་ཞིབ་རྩིས་བྱས་པའི་རྨང་གཞིའི་ཐོག་བབ་བསྟུན་གྱི་ཚད་འབེབས་སྟོན་གྲངས་དང་ཞིབ་ཕྲའི་སྟོན་གྲངས་བཏོན་ནས། དཔལ་འབྱོར་འབོར་ཚད་ལུགས་མཐུན་ངང་འཕར་བ་དང་སྤུས་ཚད་བརྟན་པོའི་ངང་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་འགོ་ཡག་པོ་ཞིག་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་དགོས་ཞེས་བཤད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་3ཉིན་འབྱོར་བའི་གློག་འཕྲིན)