《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月18日

ཅང་ཅེས་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ཆེད་དོན་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཚེས་14ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ཆེད་དོན་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་སྔར་བས་ལག་བསྟར་དོན་འཁྱོལ་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གནང་བའི་བླང་བྱར་གཞིགས་ཏེ། ནང་འདྲེན་གྲང་ཕྲེང་བཟའ་བཅའ་དང་མཐའ་མཚམས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སོགས་ལ་ཞིབ་འཇུག་དང་མི་མངོན་པའི་ཉེན་ཁ་མཐའ་དཔྱོད་བཅས་གནང་བ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

ཅང་ཅེས། མིག་སྔར་གོ་ལ་ཧྲིལ་པོར་རིམས་ནད་ཤུགས་ཆེན་མཆེད་པ་དང་། རྒྱལ་ནང་དུ་རིམས་ནད་ཐར་ཐོར་ཐོན་པ་དང་། ནད་རྟགས་མེད་པའི་འགོས་ཁྱབ་དང་དེ་བཞིན་གྲང་སོས་བཟའ་བཅའ་ནས་ནད་དུག་འགོས་པ་སོགས་ལས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ཉིན་རེ་བཞིན་རྙོག་འཛིང་ཆེ་རུ་འགྲོ་བས། བོད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནོན་ཤུགས་ཉིན་བཞིན་ཆེ་རུ་ཕྱིན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པ་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་སྤྱི་པའི་བདེ་འཇགས་དང་འབྲེལ་བ་ཡོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་འགྲོ་དང་རྨང་གཞི་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ཏེ། བག་མེད་ལྷོད་གཡེང་དང་སྟབས་ལེགས་ཡོང་རེ་གཏན་ནས་མི་བྱེད་པ་དང་། མི་མངོན་པའི་ཉེན་ཁར་ངོས་འཛིན་གང་ལེགས་བྱེད་པ་དང་སྔོན་འགོག་དང་ཚོད་འཛིན་ལ་ལྷོད་གཡེང་གཏན་ནས་མི་ཤོར་བ་བྱས་ནས། ངེས་པར་དུ་རྒྱུན་མཐུད་སྲ་བརྟན་གྱི་རིམས་འགོག་གྲུབ་འབྲས་ལ་བརྟེན་ཏེ“སྲུང་སྐྱོང་གཉིས”ཐུབ་པ་བྱེད་ལུགས་མཚོན་པར་བྱེད་དགོས་ཞེས་བསྟན་གནང་བ་རེད།

(དཔའ་མོས་བསྒྱུར། པ་བསོད་ཀྱིས་ཞུས)