《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月18日

བརྗེད་པར་དཀའ་བའི་མི་རིགས་ཀྱི་བརྩེ་བ་དང་། དགེ་སློབ་ཀྱི་ བརྩེ་དུང་། འཐབ་གྲོགས་ཀྱི་བརྩེ་སེམས།

འདི་ནི་བློ་བཟང་དཀོན་མཆོག་གིས་དཔྱད་གཞིའི་ཡིག་རིགས་ལ་ལྟ་བཞིན་པ།

1956ལོར་ང་རང་བོད་ལྗོངས་ལས་དོན་ཨུ་ལྷན་རྩ་འཛུགས་པུའུ་རུ་ལས་ཀར་ཞུགས་པ་ཡིན། ང་རང་གི་བོད་ཡིག་རྨང་གཞི་ཡག་པོ་མེད་པས་ལྷ་ས་གྲོང་ཁྱེར་སློབ་ཆུང་གཉིས་པའི་ལོ་རིམ་གཉིས་པར་བོད་ཡིག་སྦྱོང་བར་བཀོད་སྒྲིག་བྱས་བྱུང་། ལོ་གཅིག་སོང་རྗེས་བོད་དམག་ཁུལ་ཁང་གི་བོད་རིགས་ལས་བྱེད་པའི་སློབ་གྲྭར་སློབ་སྦྱོང་བྱེད་པར་བསྐྱོད་པ་ཡིན།

1959ལོར་ང་རང་བོད་དམག་ཁུལ་ཁང་གི་ཚན་པ་ཞིག་ཏུ་སྐད་སྒྱུར་བྱེད་པར་བཏང་བྱུང་། ཟླ་འགའ་སོང་རྗེས། ངས་འགོ་ཁྲིད་ལ་མུ་མཐུད་སློབ་གྲྭར་བསྐྱོད་དེ་རང་ཉིད་ཀྱི་རིག་གནས་ཆུ་ཚད་མཐོ་རུ་གཏོང་རྒྱུའི་རེ་བ་ཞུས་པ་ཡིན། འགོ་ཁྲིད་ཀྱི་མོས་མཐུན་ཐོབ་རུང་། ཉིན་གཉིས་པར“སང་ཉིན་ཞོགས་པ་ལྷ་སའི་ཟམ་ཆེན་དུ་དམག་སྤྱོད་རླངས་འཁོར་བསྡད་ནས་མལ་གྲོ་གུང་དཀར་རྫོང་དམག་དོན་དོ་དམ་ཨུ་ལྷན་དུ་འབྱོར་ཐོ་འགོད་པར་འགྲོ་དགོས་པའི”བརྡ་ཐོ་འབྱོར་བྱུང་།

མལ་གྲོ་གུང་དཀར་རྫོང་དམག་དོན་དོ་དམ་ཨུ་ལྷན་དུ་ངས་མུ་མཐུད་སྐད་སྒྱུར་གྱི་ལས་ཀ་བྱས་པ་དང་སྐབས་འགར་འཕྲིན་སྤེལ་བའི་ལས་ཀའང་བྱེད་ཀྱི་ཡོད།

ཐེངས་ཤིག་ང་རང་རུ་ཐོག་ཤང་ལ་འཕྲིན་ཡིག་སྐྱེལ་བར་འགྲོ་སྐབས་རྦད་དེ་ཐང་ཆད་བྱུང་། སྐབས་དེར་དམག་དོན་དོ་དམ་ཨུ་ལྷན་གྱི་དབྱང་ཀྲུའུ་རེན་གྱིས་སེམས་ཁུར་ཆེན་པོས་ང་ལ“གཞོན་པ་ཐང་ཆད་སོང་ངམ། ལས་ཀ་གང་འདྲ་འདུག་གམ། ཕྱིན་ཆད་འཆར་གཞི་གང་ཡོད་དམ”ཞེས་དྲིས་བྱུང་།

ཐེངས་འདིའི་གླེང་མོལ་བྱས་ནས་ཅུང་མ་འགོར་བར་དབྱང་ཀྲུའུ་རེན་གྱིས་ང་ཁོང་གི་གཞུང་ལས་ཁང་དུ་སྐད་བཏང་ནས་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་སྲིད་ཁྲིམས་ལས་བྱེད་པའི་སློབ་གྲྭར་སློབ་སྦྱོང་ལ་འགྲོ་ཆོག་པའི་མོས་མཐུན་བྱས་བྱུང་།

1959ལོའི་ཟླ་9པར་ང་རང་ཀྲུང་དབྱང་སྲིད་ཁྲིམས་ལས་བྱེད་པའི་སློབ་གྲྭར་བསྐྱོད་པ་ཡིན། སྐབས་དེར་འཛིན་གྲྭ་གསུམ་པར(འཛིན་གྲྭ་དང་པོ་མཐོ་རིམ་སློབ་འབྲིང་དང་མཚུངས་པ་དང་། འཛིན་གྲྭ་གཉིས་པ་དམའ་རིམ་སློབ་འབྲིང་དང་མཚུངས་པ། འཛིན་གྲྭ་གསུམ་པ་སློབ་ཆུང་དང་མཚུངས་པ) བགོས་པ་དང་སློབ་དེབ་སྤྲད་རྗེས་སློབ་ཚན་གྱི་ནང་དོན་ཚང་མ་ངས་ཤེས་ཀྱི་འདུག དེར་བརྟེན། ང་ཤིས་ཏན་ཁྲོམ་རར་སོང་ནས་ཚིག་མཛོད་ཉོས་ཏེ་རང་སྦྱོང་བྱས་པ་ཡིན། རྒྱུགས་ཐེངས་དང་པོ་ལེན་སྐབས་ངས་སྐར་མ་བརྒྱ་བཏང་ནས་འཛིན་གྲྭའི་ཨང་དང་པོ་བླངས་པ་ཡིན།

དེ་ནས་དགེ་རྒན་གྱིས་འཛིན་གྲྭ་དང་པོའི་རྒྱུགས་ཤོག་ང་ལ་སྤྲད་ནས་རྒྱུགས་བླངས་བྱུང་། འོན་ཀྱང་སྐར་མ་47ལས་བཏང་མ་ཐུབ་རུང་། སློབ་གྲྭས་ང་འཛིན་གྲྭ་དང་པོར་སློབ་སྦྱོང་བྱེད་དགོས་པའི་བརྡ་ཐོ་བཏང་བྱུང་། རང་ཉིད་ཀྱི་རྨང་གཞི་ཞན་པས་སློབ་ཚན་གྲོལ་རྗེས་རྟག་ཏུ་ཉེ་འགྲམ་གྱི་སློབ་གྲོགས་ཚོར་སྐད་ཆ་མང་པོ་འདྲི་ཡི་ཡོད། ངས་ད་དུང་ལག་འཁྱེར་གློག་བཞུ་ཉོས་ནས་དགོང་མོ་གློག་བསད་རྗེས་ཉལ་ཁྲིའི་ཐོག་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་རང་སྦྱོང་བྱེད་ཀྱི་ཡོད། སློབ་ཐོན་རྒྱུགས་ལེན་སྐབས་ངས་འཛིན་གྲྭ་ཡོངས་ཀྱི་ཨང་ལྔ་པ་བླངས་པ་ཡིན།

སློབ་གྲྭ་འགྲིམ་རིང་རྒན་ཀྲའོ་ཏེ་ཀྲེན་དང་ཡུས་ཧུང་བཟའ་ཚོ་གཉིས་ཀྱིས་རྟག་ཏུ་ང་ཁོང་ཚོའི་ཁྱིམ་དུ་ཟ་མ་བཟའ་བར་སྐད་གཏོང་གི་ཡོད། ངའི་དྲན་གསལ་ལ་ཐེངས་དང་པོ་ཁོང་ཚོའི་ཁྱིམ་ལ་ཟ་མ་ཟ་བར་སྐྱོད་སྐབས་ང་རང་ཁ་སྐྱེངས་ནས་ཐུར་མའང་ཇི་ལྟར་འཛིན་དགོས་པ་ཤེས་ཀྱི་མིན་འདུག སྣང་ཚུལ་དེ་ཁོང་ཚོས་མཐོང་མ་ཐག་ང་ལ་རྒྱལ་ཁབ་ཀྱི་འཕེལ་རྒྱས་བཤད་པ་དང་ངའི་སློབ་སྦྱོང་དང་འཚོ་བའི་ཐད་ཀྱི་གནས་ཚུལ་ལ་སེམས་ཁུར་བྱས་ནས་ངའི་སེམས་ལྷོད་དུ་བཏང་བྱུང་། དགེ་རྒན་ཚོའི་ཐུགས་ཁུར་དང་བྱམས་བརྩེ་ལས་ངས་མི་རིགས་ཁག་གི་སྤུན་ཟླ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མྱོང་ཚོར་བྱུང་།

1962ལོར་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་ཛ་དྲག་ཏུ་ཕྱིན་པས་ང་རང་སྔ་སྣུར་དུ་སློབ་གྲྭ་ནས་ཐོན་ཏེ་ལྷོ་ཁ་ས་ཁུལ་སྤྱི་བདེ་ཁྲུའུ་རུ་ལས་བགོས་བརྒྱབ་བྱུང་། ལོ་གཉིས་པར་སློབ་གྲྭ་ཆེ་མོ་བ་ལིན་ཧུང་ནན་ལས་ཁུངས་སུ་ལས་བགོས་བརྒྱབ་པ་དང་རྩ་འཛུགས་ཀྱིས་ཁོང་བོད་དུ་ཡོང་ཐེངས་དང་པོ་ཡིན་པ་དང་བོད་ཀྱི་གནས་ཚུལ་ལ་རྒྱུས་མངའ་མེད་པས། ང་གཉིས་ཉལ་ཁང་གཅིག་ཏུ་བཀོད་སྒྲིག་བྱས་ཏེ་ངས་ཁོང་གི་འཚོ་བར་ལྟ་རྟོག་བྱེད་ཞོར་དུ་བོད་ཀྱི་ཡུལ་སྲོལ་གོམས་གཤིས་སློབ་དགོས་པའི་བླང་བྱ་བཏོན་བྱུང་། ཐེངས་ཤིག་ངས་ཁོང་ལ་ལུག་ཤ་སྐམ་པོ་ཟ་སྟངས་བསླབས་པ་དང་ཁོང་གིས་གད་མོ་དགོད་བཞིན་དུ་ལུག་ཤ་ཟ་སྐབས་ཁོང་གི་སྨ་ར་དེ་མངོན་གསལ་དོད་པོ་འདུག་པས། ཕྱིས་སུ་ང་ཚོས་ཁོང་ལ“སྨ་ར་ཆུང་ཆུང”ཞེས་འབོད་ཀྱི་ཡོད།

ལས་དོན་བསྒྲུབས་རྗེས་ང་ཚོའི་དབར་གྱི་བརྩེ་བ་སྔར་བས་ཇེ་ཟབ་ཏུ་ཕྱིན་ཞིང་། ཐེངས་ཤིག་ལྷོ་བྲག་རྫོང་ནས་ཡིན་པའི་བཙོན་པ་གཉིས་བཙོན་ཁང་ནས་བྲོས་པས་གོང་རིམ་གྱིས་ང་དང་ལིན་ཧུང་ནན་ལ་འཛིན་བཟུང་བྱེད་དགོས་པའི་བཀའ་བཏང་། ང་ཚོས་རྗེས་འདེད་བྱས་པ་མཐོང་སྐབས་བྲོས་བྱོལ་ཉེས་ཅན་གྱིས་རང་འགུལ་ངང་གྲ་ནང་རྫོང་དུ་རང་ཉེས་ངོས་ལེན་ཞུ་བར་བསྐྱོད། འོན་ཀྱང་ང་ཚོས་ཧ་མ་གོ་བར་ལྷོ་བྲག་རྫོང་བར་དུ་རྗེས་འདེད་བྱས་རྗེས་གཞི་ནས་གོང་རིམ་ནས་ང་ཚོ་ཕྱིར་ལོག་དགོས་པའི་གློག་འཕྲིན་འབྱོར་བྱུང་། ལམ་བར་དུ་ང་ཚོའི་རྟ་བརླགས་པས་རྐང་ཐང་མར་འགྲོ་དགོས་བྱུང་བ་དང་བསིལ་གོས་གྱོན་ནས་གངས་རི་བརྒལ་བ་དང་། བྱེ་མ་འདྲེས་པའི་རྩམ་པ་ཟ་བ། གངས་ཆུ་བཏུང་ནས་སྐོམ་པ་སེལ་བ་བཅས་བྱས་པས་བོད་རྒྱའི་བརྩེ་སེམས་དང་། སྤུན་གྲོགས་ཀྱི་བརྩེ་དུང་། མི་རིགས་ཀྱི་བརྩེ་སེམས་བཅས་ཅི་ཞིག་ཡིན་པ་ཚོར་བྱུང་།

1965ལོར་ང་རང་ལྷོ་ཁ་ས་ཁུལ་སྤྱི་བདེ་ཁྲུའུ་ཡི་ཁོའོ་ཀྲང་གཞོན་པར་གནས་སྤར་བྱས་བྱུང་། 1970ལོར་ལྷུན་རྩེ་རྫོང་དུ“ངོ་ལོག་ཟིང་འཁྲུག་གི་རྒྱབ་ཕྱོགས་མཁོ་སྒྲུབ་པུའུ”དང“རྒྱལ་ཁབ་ལ་རྒྱབ་གཏོད་རྩ་འཛུགས”ཞེས་པར་བརྟག་དཔྱད་ཀྱི་ལས་འགན་ལེགས་གྲུབ་བྱུང་རྗེས། ཡིག་རྒྱུགས་བླངས་པ་བརྒྱུད། ང་རང་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སུ་ལས་ཀ་བྱེད་པར་བཏང་། སྐབས་དེ་དུས་ང་ཚོའི་ལས་རོགས་ནང་རྒྱ་རིགས་དང་། བོད་རིགས། མན་ཇུ་རིགས་སོགས་ཡོད་པས་ཚང་མ་འཆམ་མཐུན་མཉམ་གནས་བྱུང་ཡོད། ཕྱིས་སུ་རྩ་འཛུགས་ཀྱིས་ང་དང་བཟའ་ཟླ་གཉིས་ས་ཆ་ཁག་གཉིས་ལ་འཚོ་བ་སྐྱེལ་བའི་གནད་དོན་ལ་བསམ་གཞིག་བྱས་ནས་ང་རང་བོད་དུ་ལས་སྒྱུར་བྱས་བྱུང་།

ང་འདི་ལོ་ལོ་77ཡིན། 1956ལོར་ལས་ཀར་ཞུགས་ཏེ་ལོ་50ལྷག་ཙམ་ལས་ཀ་བྱས་རྗེས་2006ལོར་རྒན་ཡོལ་ཞུས་པ་ཡིན། ལོ་དེ་དག་རིང་ང་ལ་མྱོང་ཚོར་ཟབ་མོ་ཞིག་བྱུང་བ་ནི“བོད་དུ་མི་རིགས་མཐུན་སྒྲིལ་དང་ཁ་བྲལ་ཚེ་ལས་དོན་གང་ཡང་སྤེལ་མི་ཐུབ”ལས་ཀ་བྱེད་རིང་། བོད་རིགས་ཀྱི་ལས་རོགས་དང་རྒྱ་རིགས་ཀྱི་ལས་རོགས་དབར་མཐུན་སྒྲིལ་དམ་ཟབ་ཡོད་པས་ཚང་མ་ཕན་ཚུན་འཆམ་པོ་ཡོད། ཚང་མས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱས་པར་བརྟེན་བོད་ལ་ད་ཆའི་གྲུབ་འབྲས་ཐོབ་ཡོད། ཚང་མས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དེ་མུ་མཐུད་རྒྱུན་འཛིན་བྱས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འཐབ་ཧུར་ཐག་བྱས་ཏེ་བོད་འདི་ཉིད་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུའི་རེ་བ་ཡོད།

མི་སྣ་ངོ་སྤྲོད།

བློ་བཟང་དཀོན་མཆོག ཕོ། བོད་རིགས། བོད་ལྗོངས་གོང་དཀར་བ། 1943ལོར་སྐྱེས། 1956ལོར་བོད་ལྗོངས་ལས་དོན་ཨུ་ལྷན་རྩ་འཛུགས་པུའུ་རུ་ལས་ཀར་ཞུགས། 1962ལོའི་ཟླ་1ཚེས་19ཉིན་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ལྷ་ས་གྲོང་ཁྱེར་སློབ་ཆུང་གཉིས་པ་དང་། བོད་དམག་ཁུལ་ཁང་གི་བོད་རིགས་ལས་བྱེད་པའི་སློབ་གྲྭ ཀྲུང་དབྱང་སྲིད་ཁྲིམས་ལས་བྱེད་པའི་སློབ་གྲྭ་བཅས་སུ་སློབ་སྦྱོང་བྱེད་མྱོང་། བོད་ལྗོངས་དམག་ཁུལ་ཁང་གི་ཚན་པ་ཞིག་དང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས། ལྷོ་ཁ་ས་ཁུལ་སྤྱི་བདེ་ཁྲུའུ། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ལྷོ་ཁ་ས་ཁུལ་ཞིབ་དཔྱོད་ཁང་། ལྷོ་ཁ་ས་ཁུལ་སྲིད་གྲོས་སོགས་ཚན་པར་སྔ་རྗེས་སུ་ལས་ཀ་བྱས། 2006ལོར་ལྷོ་ཁ་ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི(ས་ཁུལ་རིམ་པ་རྒན་པ)ལས་གནས་ནས་རྒན་ཡོལ་ཞུས་པ་དང་ད་ཆ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་དུ་བདེ་སྐྱིད་ལྡན་པའི་ཚེ་མཇུག་སྐྱེལ་བཞིན་ཡོད།