《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月18日

མངའ་རིས་དང་བོད་དབུས་ཀྱི་གློག་དྲ་དྲ་སྦྲེལ་གྱི་ལས་གྲྭས།

ཆན་ཕུའུ་220ཡི་གློག་སྒྱུར་ས་ཚིགས་ཀྱི་ས་བབ་མཐོ་ཤོས་ཀྱི་ཟིན་ཐོ་བཏོད་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་11ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་མངའ་རིས་དང་བོད་དབུས་ཀྱི་གློག་དྲ་དྲ་སྦྲེལ་ལས་གྲྭ་ས་དགའ་གློག་སྒྱུར་ས་ཚིགས་ནས་བདེ་བླག་ངང་གློག་གཏོང་ཐུབ་པ་བྱུང་བ་དང་ས་བབ་མཐོ་ཚད་སྨི་4688ཟིན་པའི་གློག་སྒྱུར་ས་ཚིགས་ནི་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་བསྐྲུན་ནས་སྤྱོད་འགོ་ཚུགས་པའི་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཆན་ཕུའུ་220ཡི་གློག་སྒྱུར་ས་ཚིགས་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་དང་བོད་དབུས་ཀྱི་གློག་དྲ་དྲ་སྦྲེལ་ལས་གྲྭ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་གློག་སྒྱུར་ལས་གྲྭ་ཞིག་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་74བཏང་ནས་གློག་སྒྱུར་ས་ཚིགས(ས་བབ་མཐོ་ཚད་ཆ་སྙོམས་སྨི་4000ཡན)6གསར་དུ་སྐྲུན་རྩིས་ཡོད། མིག་སྔར་གློག་སྒྱུར་ས་ཚིགས་3(ཆན་ཕུའུ་500ཡི་གློག་སྒྱུར་ས་ཚིགས་2དང་ཆན་ཕུའུ་220ཡི་གློག་སྒྱུར་ས་ཚིགས་1)དང་དེ་བཞིན་ལམ་ཐག་སྤྱི་ལེ་1079ཡི(སྤྱིའི་རིང་ཚད་སྤྱི་ལེ་1689)གློག་གཏོང་སྙོམས་སྒྲིག་ཚོད་ལྟ་བྱས་ཡོད། རྗེས་སུ་འཛུགས་སྐྲུན་པ་ཡོངས་ཀྱིས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་དེ་བྱིངས་ཀྱི་གློག་སྒྱུར་ས་ཚིགས་3གྱི་གློག་གཏོང་གི་ལས་དོན་སྤེལ་རྒྱུ་རེད།

མངའ་རིས་དང་བོད་དབུས་ཀྱི་གློག་དྲ་དྲ་སྦྲེལ་ལས་གྲྭ་2019ལོའི་ཟླ་9པར་ལས་གྲྭ་སྤེལ་འགོ་ཚུགས་ཚུན། དགུན་དུས་ཀྱི་དྲོད་སྲུང་ཨར་ལས་བྱས་པ་བརྒྱུད། འཛུགས་སྐྲུན་པ་ཡོངས་ཀྱིས་ས་བབ་ཤིན་ཏུ་མཐོ་བ་དང་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པས་ལ་དུག་ཕོག་ནས་ལས་ཕྱོད་ཆུང་དུ་སོང་བའི་ཤུགས་རྐྱེན་ངན་པ་ཁྱད་བསད་བྱས་ཏེ། སྤུས་ཚད་མཐོ་པོའི་སྒོ་ནས་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱས་ཡོད། ལས་གྲྭ་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་རྗེས་ལམ་རྒྱུད་ཀྱི་མི་ཁྲི་38ཙམ་གྱིས་བདེ་འཇགས་དང་བློས་འཁེལ་བའི་གློག་གི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ནས། རང་ལྗོངས་ཀྱི་གློག་དྲ་གཙོ་བོ་རྫོང་དང་ཆུས་74རུ་ཁྱབ་སྟེ་མི་འབོར་97%གྱི་གློག་གི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད།