《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月18日

རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་པ།

ཏིང་ཡེ་ཤན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཚེས་16ཉིན་རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ཏེ། ས་ཁུལ་དང་གྲོང་ཁྱེར་ཁག་གིས་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་ལྷག་པར་དུ་དམིགས་བསལ་གྱི་གངས་ཆར་འབབ་པའི་གནམ་གཤིས་ལ་དོགས་ཟོན་དང་ཁ་གཏད་གཅོག་པ་སོགས་ཀྱི་ལས་ཀའི་གནས་ཚུལ་སྙན་སེང་གསན་པ་མ་ཟད། ད་དུང་དོགས་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཏིང་ཡེ་ཤན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཏིང་ཡེ་ཤན་གྱིས་ཉེ་དུས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ལོ་མཇུག་ཏུ་སླེབས་ཉེར་ཡོད་པས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་གནམ་གཤིས་ཀྱི་འགྱུར་ལྡོག་དང་ལྷག་པར་དུ་གངས་ཆེན་པོ་བབས་པ་དང་།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ཆར་པ་ཆེན་པོ་བབས་པ། ལྷགས་པ་ཆེན་པོ་བརྒྱབ་པ། གནམ་གཤིས་གྲང་དུ་ཕྱིན་པ་བཅས་ཀྱི་ཤུགས་རྐྱེན་ཐེབས་རྒྱུར་དོ་སྣང་ཆེན་པོ་བྱེད་པ་དང་། གནམ་གཤིས་ཀྱི་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། གནོད་འཚེའི་གནམ་གཤིས་ཀྱི་འགྱུར་ལྡོག་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱེད་པ། སྔོན་བརྡ་དང་གནོད་འཚེ་སྔོན་འགོག་གི་ཆ་འཕྲིན་འཕྲལ་མ་ཉིད་དུ་ཡོངས་བསྒྲགས་བྱེད་པ་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་ལ་སྔོན་ཚུད་ནས་གྲང་འགོག་དྲོད་སྲུང་དང་དངོས་ཟོག་གྲབས་གསོག་སོགས་ཡག་པོ་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས་པ་དང་། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། ལས་འཛོལ་ཐོན་སླ་བའི་ལམ་དུམ་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བགྲོད་ལམ་ཤར་གཏོང་དང་འགྲིམ་འགྲུལ་བདེ་འཇགས་དོ་དམ་གྱི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་པ། འགྲུལ་པར་ཉེན་བརྡའི་ཆ་འཕྲིན་དུས་ཐོག་ཏུ་བརྡ་ཁྱབ་གཏོང་བ། འགྲིམ་འགྲུལ་ཐད་གངས་འཁྱགས་གཙང་ཕྱགས་དང་འགྲུལ་པར་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། སློབ་གྲྭ་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་མི་སྣ་འདུ་འཛོམས་ཆེ་བའི་ཁྱབ་ཁོངས་ཀྱི་བདེ་འཇགས་དོགས་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། སློབ་མར་གནོད་འཚེ་ཉུང་གཏོང་གི་འཕྲལ་སྡོམ་ཤེས་བྱ་དྲིལ་བསྒྲགས་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་བ། ཞབས་ཞུ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ཡག་པོ་བཅས་བྱེད་དགོས། དམངས་འཚོ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕྲིན་གཏོང་དང་གློག་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་དང་། གློག སོལ་རླངས། ཚ་ནུས་སོགས་མཁོ་འདོན་ཚན་པས་མདོང་ལམ་དང་སྒྲིག་ཆས་ལ་སྐོར་ཞིབ་སྲུང་སྐྱོང་དང་ཆག་སྐྱོན་མྱུར་སེལ་གྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འཕྲལ་སྡོམ་ཐག་གཅོད་ལ་ཤུགས་སྣོན་རྒྱག་པ་དང་། འཕྲལ་སྡོམ་སྟོབས་ཤུགས་གྲ་སྒྲིག་ལ་ཤུགས་སྣོན་རྒྱག་པ། གེགས་སེལ་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་རྒྱུའི་གྲ་སྒྲིག་ཨང་བསར་བྱེད་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་རྒྱུ་ནོར་བདེ་འཇགས་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས་ཞེས་བསྟན་གནང་བ་རེད།

ཏིང་ཡེ་ཤན་གྱིས་རིམ་ཁག་ཏང་ཨུད་དང་། རིམ་ཁག་སྲིད་གཞུང་། རིམ་ཁག་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་བཅས་ལ་ཡུལ་ཕྱོགས་གཅིག་གི་བརྟན་ལྷིང་སྲུང་སྐྱོང་དང་ཡུལ་ཕྱོགས་གཞན་ཞིག་གི་བདེ་འཇགས་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་པ་དང་། སྒྲིག་འཛུགས་མཐུན་སྦྱོར་དང་ལྟ་སྐུལ་ཞིབ་བཤེར་ལ་དམ་འཛིན་ཡག་པོ་བྱེད་པ། ལས་རེས་སྣེ་ཁྲིད་དང་ལས་རེས་ཀྱི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་གངས་བབས་པའི་ས་ཁུལ་གྱི་གནས་ཚུལ་ལ་དོ་སྣང་ཆེན་པོ་བཅས་བྱས་ཏེ། ཆ་འཕྲིན་ཤར་གཏོང་དང་། བྱ་སྤྱོད་འཕྲལ་སྤེལ། བཀོད་འདོམས་ནུས་ཆེ། ལས་དོན་གོ་རིམ་ལྡན་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས། ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དོ་དམ་བྱེད་ཞོར་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ། གཞུང་དྲང་ཡ་རབས་ངང་ཁྲིམས་འཛིན་བྱ་ཚུལ་ཚད་ལྡན་དུ་གཏོང་བ། སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་བ་བཅས་ལ་བརྟེན་ནས་གཟུགས་བརྙན་བཟང་པོ་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་སྐལ་མཆོག་གིས་ཞུས)