《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月17日

ས་མཐོའི་དམག་མིའི“སྙིང་ཉེ་བའི་ཨ་ཅག”ཕེང་ཡན།

ཕེང་ཡན། མོ། 1979ལོའི་ཟླ་2པར་སྐྱེས། རྒྱ་རིགས། ཀྲུང་གུང་ཏང་ཡོན། ཁོང་གི་པ་ཕ་ནི་བོད་ཀྱི་མཐའ་སྲུང་གི་དམག་མིའི་སྨན་པ་རྒན་གྲས་ཤིག་ཡིན། ལོ་3ལ་སླེབས་སྐབས་ཨ་མ་དང་མཉམ་དུ་བོད་དུ་ཡོང་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱི་གཏམ་རྒྱུད་ཉན་གྱིན་འཚར་ལོངས་བྱུང་ཡོད། མཐའ་སྲུང་དམག་མིའི་རྗེས་རབས་པ་ཞིག་ཡིན་པའི་ཕེང་ཡན་གྱིས་གངས་ལྗོངས་ས་མཐོའི་དཔོན་དམག་གི་དཀའ་ཚེགས་གསལ་པོ་ཤེས་ཀྱི་ཡོད་ལ“གོས་དཀར་ལྷ་རྗེའི”འགན་འཁྲི་ཡང་གསལ་པོ་ཤེས་ཀྱི་ཡོད།

1999ལོའི་ཟླ་7པར། ལོ་20ལ་སླེབས་པའི་ཕེང་ཡན་དེ་སྔའི་ཁྲེང་ཏུའུ་དམག་ཁུལ་གསོ་རིག་མཐོ་རིམ་ཆེད་ཚན་སློབ་གྲྭ་ཐོན་ནས་གངས་ལྗོངས་ས་མཐོར་བསྐྱོད་རྒྱུའི་སེམས་ཐག་བཅད་ཅིང་། རང་འགུལ་ངང་ས་བབ་མཐོ་བ་དང་ཆ་རྐྱེན་ཧ་ཅང་ཞན་པའི་ནག་ཆུ་ཡན་ལག་དམག་ཁུལ་ཁང་གི་སྒོ་བསྟེན་སྨན་ཁང་དུ་བསྐྱོད་རྒྱུའི་རེ་འདུན་ཞུས་ཏེ། སྨན་གཡོག་ཅིག་བྱས་ནས་ཡན་ལག་དམག་ཁུལ་བཙུགས་ཚུན་གྱི་བུད་མེད་དམག་མི་ཨང་57པར་གྱུར་ཡོད། རང་བྱུང་ཁོར་ཡུག་ཞན་པ་དང་མཐོ་གྲང་གསོ་རླུང་དཀོན་པས། ནག་ཆུར་ལས་ཀ་བྱེད་མྱོང་བའི་བུད་མེད་དམག་མི་57ཁྲོད་ནས་མི་7མ་གཏོགས་ལོ་10ཡན་ལས་གནས་ཐོག་རྒྱུན་འཁྱོངས་ཐུབ་མེད་པ་དང་། མི་7དེ་དག་གི་ཁྲོད་ནས་ཀྱང་ཕེང་ཡན་ཕུད་པའི་དེ་བྱིངས་མི་6ནད་གཞི་སྣ་ཚོགས་ཕོག་ནས་ལང་ཚོའི་ཚེ་སྲོག་ཤོར།

ས་བབ་མཐོ་བའི་གངས་ལྗོངས་ས་མཐོར་ལས་ཀ་བྱེད་པར་དཀའ་ཚེགས་ཆེན་པོ་ཡོད་པ་ཙམ་མ་ཟད། སྐབས་འགར་ཐ་ན་རང་སྲོག་ཀྱང་ཤོར་གྱི་ཡོད། ཕེང་ཡན་ལ་དོས་དྲག་གི་གློ་བར་ཆུ་བསགས་ནས་སྨན་ཁང་དུ་སྨན་བཅོས་བྱེད་དགོས་འཁེལ། ཕ་ཡུལ་གཅིག་པའི་འཐབ་གྲོགས་ཁ་ཤས་ཀྱིས་ཁོ་མོར་ནད་གཞི་ལྕི་པོ་ཕོག་པ་མཐོང་ནས། ཁོ་མོར་མྱུར་དུ་ཕྱིར་ལོག་ཐབས་བྱེད་དགོས་པའི་ཁ་ཏ་བྱས་པ་དང་། བོད་དམག་ཁུལ་ཁང་གི་འགོ་ཁྲིད་ཀྱིས་ཀྱང་ཕེང་ཡན་གྱི་གནས་ཚུལ་ཤེས་རྗེས། ཁོ་མོ་ས་བབ་ཅུང་དམའ་བའི་སྨན་ཁང་དུ་ལས་ཀ་བྱེད་པར་བསྐྱོད་རྒྱུའི་གྲོས་འགོ་ཐེངས་མང་བཏོན་མོད། འོན་ཀྱང་ཕེང་ཡན་གྱིས་འགོ་ཁྲིད་དང་རྩ་འཛུགས་ཀྱིས་ཐུགས་ཁུར་ལ་ཐུགས་རྗེ་ཆེ་ཞུས་ཏེ་བློ་ཐག་ཆོད་པོས་སྔར་བཞིན་དེ་གར་ལས་ཀ་བྱེད་རྒྱུའི་སེམས་ཐག་བཅད། དེ་ལྟར་ཁོ་མོས་སྔ་རྗེས་སུ་ནག་ཆུ་ནས་ལས་སྒྱུར་བྱེད་པའི་གོ་སྐབས་ཐེངས་14བློས་གཏོང་བྱས། ཁོང་གིས་ནག་ཆུར་ལས་ཀ་བྱེད་སྐབས་འགྲན་སློང་གིས་ཁེངས་ནས་རང་ཉིད་ལ་ལས་འགན་སྒྲུབ་པའི་སེམས་ཤུགས་སྔར་བས་ཆེན་པོ་སྐྱེ་ཡི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། དེའང་ཕུགས་བསམ་དང་དད་སེམས་བརྟན་པོ་དང་ཞུམ་མེད་འབད་འཐབ་ཀྱི་སྙིང་སྟོབས་དེ་ལྟ་བུ་ཞིག་ཡོད་པར་བརྟེན། དཀའ་ཚེགས་ཀྱིས་གཏམས་པའི་ལོ་12རིང་ཕེང་ཡན་གྱིས་དཀའ་ངལ་དང་ཉེན་ཁ་རེ་རེ་ལས་རྣམ་པར་རྒྱལ་ཞིང། ཁོང་གིས་གངས་རི་དང་། འཁྱགས་ཆུ། འདམ་རྫབ་བཅས་བརྒལ་ནས་རིམ་རྩིས་བྱས་ན་ལམ་ཐག་སྤྱི་ལེ་ཁྲི་5ལྷག་ཙམ་ཟིན་པའི་ནག་ཆུ་ཡན་ལག་དམག་ཁུལ་ཁང་གི་ཁོངས་གཏོགས་ལེན་ཤོག་ཏུ་བསྐྱོད། དེ་གར་ཁོ་མོས་སྨན་པར་གཞོགས་འདེགས་ཀྱིས་དཔོན་དམག་ཚོར་ནད་རིགས་སྣ་ཚོགས་ཕོག་པའི་ནད་པ་མི་ཐེངས་སྟོང་ཕྲག་མང་པོར་སྨན་བཅོས་བྱེད་རོགས་བྱས་པ་རེད། ཐེངས་17ཚེ་སྲོག་ཤོར་གྲབས་བྱས་པ་དང་ལོ་12རིང་ནང་མི་དང་མཉམ་འཛོམས་བྱེད་ཡུན་ཉིན་300ཡང་ཟིན་གྱི་མེད། སྐོར་སྐྱོད་སྨན་བཅོས་བྱེད་པའི་ལམ་བར་དུ་ཁོང་གིས་དཔོན་དམག་དང་མང་ཚོགས་གྲངས་མེད་ལ་ནད་བཅོས་སྲོག་སྐྱོབ་བྱས་པ་དང་། ཕྲུ་གུ་དམར་འབྱར་43སྐྱེ་བསུ་བྱས་པ། ནད་གཞི་ལྕི་པོ་ཕོག་པའི་ནད་པ་42ཀྱི་ཚེ་སྲོག་བསྐྱབས་པ་རེད། ཁོ་མོར་ས་མཐོའི་དཔོན་དམག་ཚོས“ཨ་ཅག་ལགས”ཞེས་འབོད་པ་དང་། འབྲོག་པ་མང་ཚོགས་ཀྱིས“བྱམས་སེམས་ཅན”ཞེས་འབོད་པ། བོད་རིགས་མི་ཧྲེང་རྒན་རྒོན་24ཡིས“བུ་མོ”ཞེས་འབོད་པ། བོད་རིགས་དྭ་ཕྲུག་35ཡིས“ཨ་མ”ཞེས་འབོད་ཀྱི་ཡོད།

ཕེང་ཡན་གྱིས་ས་མཐོའི་ནད་སྐྱོང་གི་དམིགས་བསལ་རྩལ་ནུས་སྣ་ཚོགས་སློབ་སྦྱོང་དང་ཁོང་དུ་ཆུད་རྒྱུར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ནག་ཆུར་ལས་ཀ་ལོ་12སོང་རིང་། ཕེང་ཡན་གྱིས“གནམ་གཤིས་གྲང་ངར་ཆེ་དུས་སྨན་ཆུ་བླུགས་སའི་ལག་པར་ཆུ་ཚ་པོ་སྦྱར་ནས་ན་ཟུག་ཆུང་དུ་གཏོང་བ”སོགས་ས་མཐོའི་སྤྱོད་གོ་ཆོད་པའི་ནད་སྐྱོང་ལག་རྩལ་ཁག་15གསར་གཏོད་བྱས་པ་དང་། “ས་མཐོར་པགས་པར་སྨན་འཕྲོད་མིན་ཚོད་ལྟའི་དུས་ཚོད་སྐར་མ་5རིང་དུ་གཏོང་དགོས་པ”དང“ས་མཐོར་སྡོད་རྩར་ནད་འགོག་སྨན་ཆུ་བླུགས་པར་སྐར་མ་རེར་རྒྱུན་གཏན་གྲངས་འབོར་གྱི་80%ཡི་ནང་ཚུན་དུ་ཚོད་འཛིན་བྱེད་དགོས་པ”སོགས་དམིགས་བསལ་གྱི་ནད་སྐྱོང་ཉམས་མྱོང་17ཕྱོགས་སྡོམ་བྱས་པ་མ་ཟད། ད་དུང་ས་མཐོའི་ནད་ཐོག་སྨན་བཅོས་ཀྱི་ལག་ལེན་དང་ཟུང་འབྲེལ་བྱས་ནས《ས་མཐོའི་ནད་སྐྱོང་གི་གཞི་རྩའི་གནད་བསྡུས》སོགས་རྩོམ་ཡིག་མང་པོའང་བྲིས་ཡོད།

ཕེང་ཡན་ནི་དུས་ཡུན་རིང་པོར་བོད་ལྗོངས་ནག་ཆུ་ཡན་ལག་དམག་ཁུལ་ཁང་བརྟན་སྲུང་བྱེད་མཁན་བུད་མེད་དམག་མི་དང་པོ་དེ་ཡིན་ཞིང་། ཁོང་གིས་ཚེ་སྲོག་རྩ་ཆེན་ཡིན་པ་གསལ་པོ་ཤེས་མོད། འོན་ཀྱང་རང་ཉིད་ཀྱི་ལང་ཚོར་བརྟེན་ནས་དམག་མིའི་འགན་འཁྲི་ཕྲག་ཏུ་ཁུར་ཡོད། ཁོང་ནི་ས་མཐོའི་དམག་མིའི“སྙིང་ཉེ་བའི་ཨ་ཅག”དང་བོད་རིགས་དྭ་ཕྲུག་གི“བྱམས་བརྩེའི་ཨ་མ”རེད། ཁོང་གིས་ལུས་སྟོབས་ཞན་པའི་གཟུགས་པོར་བརྟེན་ནས“བཅིངས་འགྲོལ་དམག་མིའི”གཟི་བརྗིད་ལྡན་པའི་གཟུགས་བརྙན་བཏོད་ཡོད། 2010ལོར་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁོང་ལ“རྒྱལ་ཡོངས་གསུམ་བརྒྱད་དར་དམར་བའི་དཔེ་དམག”གི་གཟི་བརྗིད་མཚན་སྙན་སྤྲད་པ་དང་། 2011ལོར་བོད་རང་སྐྱོང་ལྗོངས་ཀྱིས“སེམས་འགུལ་ཐེབས་པའི་བོད་ཀྱི་མི་སྣ་60”ཡི་གྲས་སུ་བདམས་པ་རེད།

(གཏམ་རྒྱུད་འདི་བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གིས་མཁོ་འདོན་བྱས)

(བསོད་ནམས་དབང་མོ་དང་བསོད་ནམས་མཚོ་མོས་བསྒྱུར། ཉི་དོན་གྱིས་ཞུས)