《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月16日

ཏིང་ཡེ་ཤན་གྱིས་གཞིས་རྩེར་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་14ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་གཞིས་རྩེར་བརྟག་ཞིབ་གནང་སྐབས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མིག་སྔའི་ལས་ཀའི་དོན་དངོས་དང་འཕྲད་པའི་དུས་བབ་དང་ལས་འགན་དང་ཟུང་འབྲེལ་བྱེད་པ་དང་། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། སྔོན་བཀོད་བྱ་ཐབས་ཡག་པོ་བཟོ་བ། རང་འགུལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་དམ་འཛིན་མཐའ་གཅིག་ཏུ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ་རེད།

ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་བྱམས་བརྩེའི་ཐུགས་ཁུར་དང་འཚམས་འདྲི་བསྣམས་ཏེ། མེ་འཁོར་ལས་བབས་མ་ཐག་ཏིང་ཡེ་ཤན་གྱིས་གཞིས་རྩེ་གྲོང་ཁྱེར་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་རུ་ཕེབས་ནས་བརྙན་ལམ་འབྲེལ་མཐུད་གནང་སྟེ་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ལ་གཟིགས་ཤིང་། ཁོང་གིས་ཉེན་ཁ་ཆེན་པོ་སྔོན་འགོག་དང་སེལ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། དུས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་དང་བརྡར་ཤ་གཅོད་པ། ཉམས་མྱོང་ཆ་ལག་ཚང་བའི་ངང་ཕྱོགས་སྡོམ་བྱས་ཏེ་སྤྱོད་གོ་ཆོད་པའི་བརྟན་ལྷིང་སྲུང་སྐྱོང་བྱེད་ཐབས་ཁག་གཅིག་ལམ་ལུགས་ནས་ཡུན་རིང་མཐའ་འཁྱོངས་བྱེད་པར་རིམ་པ་སྤར་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་འཐུས་ཚང་དང་། སྔར་བས་འགན་ལེན། སྔར་བས་རྒྱུན་མཐུད་བཅས་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ས་རུབ་པ་དང་སྦྲགས་བཀྲས་ལྷུན་དགོན་ནས་གློག་འོད་ཆེམ་ཆེམ་དུ་འཕྲོས་ཏེ་ཞི་མཐུན་དབེན་འཇམ་གྱི་ཉམས་སྣང་མངོན་འོང་། བརྟག་ཞིབ་གནང་རིང་ཏིང་ཡེ་ཤན་གྱིས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་དགེ་འདུན་པ་ཚོར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ལག་བསྟར་ནན་ཏན་བྱས་ཏེ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པར་ཤུགས་སྣོན་དང་། སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི“ཕན་པ་ཡོད་པ་ལྔ”ལ་དམིགས་ནས། “ཁྲིད་སྟོན”ཐད་ཤུགས་སྣོན་བརྒྱབ་སྟེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་གྲྭ་བཙུན་གྱིས་བཅའ་ཁྲིམས་ཁྲིམས་སྲོལ་དང་དགོན་པའི་སྒྲིག་ཁྲིམས་དང་འདུལ་ཁྲིམས་སློབ་སྦྱོང་ལ་ཤུགས་སྣོན་དང་། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་ཐོས་བསམ་འཆད་ཉན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།