《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月16日

བློ་བཟང་རྒྱལ་མཚན་གྱིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་ཁོང་གནས་སའི་ཏང་ཀྲི་པུའི་ཆེད་དོན་སློབ་སྦྱོང་ཚོགས་འདུར་ཞུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་13ཉིན་གནས་ཚུལ་འབྱོར་གསལ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཁོང་གནས་སའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་དྲུང་ཡིག་ཁྲུའི་ཆ་འཕྲིན་ལྟེ་གནས་ཀྱི་ཏང་ཀྲི་པུའི་ཆེད་དོན་སློབ་སྦྱོང་ཚོགས་འདུར་ཞུགས་པ་དང་། ཀྲི་པུའི་ཏང་ཡོན་དང་མཉམ་དུ《ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》སློབ་སྦྱོང་དང་འབྲེལ་མྱོང་ཚོར་སྤེལ་རེས་ཀྱང་གནང་བ་རེད།

སློབ་སྦྱོང་ཚོགས་འདུའི་ཐོག་ཏང་ཀྲི་པུའུ་ཡི་ཁོངས་མིས་ལས་ཀའི་དོན་དངོས་དང་འཚར་ལོངས་ཀྱི་བརྒྱུད་རིམ་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་གི་མྱོང་ཚོར་ལྷུག་པོར་གླེང་བ་རེད། བློ་བཟང་རྒྱལ་མཚན་གྱིས་གཏམ་བཤད་ནན་ཏན་གསན་ནས་ཚང་མ་དང་སྤེལ་རེས་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་ཀྲི་པུའུ་ཡི་ལས་དོན་སྤེལ་ཚུལ་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་དང་། རྒྱལ་སྤྱི་རྒྱལ་ནང་གི་དུས་བབ། མི་སྒེར་གྱི་མྱོང་བ་དང་བསམ་གཞིག་བཅས་དང་ཟུང་འབྲེལ་གནང་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྒྱས་བཤད་གཏིང་ཟབ་གནང་བ་རེད།