《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月16日

ངོ་ཐུག་གདོང་འཕྲད་ཀྱི་མཉམ་འགུལ། གཅིག་སེམས་གཅིག་གཏད་ཀྱི་སྤེལ་རེས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་རང་ལྗོངས་སུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཉེ་དུས་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དམངས་སྲིད་པུའི་པུའུ་ཀྲང་ཀྲན་ཁྲེང་ཧྥུའུ་ཡིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་ཚལ་གྲོང་ཚོའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་དང་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་ཕེབས་ནས། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་མཐོ་སློབ་ཀྱི་དགེ་སློབ་འཐུས་མི་དང་ངོ་ཐུག་གདོང་འཕྲད་ཀྱི་མཉམ་འགུལ་དང་གཅིག་སེམས་གཅིག་གཏད་ཀྱི་སྤེལ་རེས་གནང་སྟེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་གནང་བ་རེད།

“གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་ལེན་བསྟར་བ་བརྒྱུད་ང་ཚོའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཡོད་དམ”“གཞི་རིམ་གྱིས་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་ཇི་ལྟར་གཏོང་དགོས་སམ”ཞེས་པ་ལ་སོགས་པ་སྤེལ་རེས་བྱེད་སྒོ་འགོ་མ་ཚུགས་གོང་། སྔ་ས་ནས་སླེབས་པའི་མང་ཚོགས་ཀྱིས“གཤམ་དུ་སྤེལ་རེས”བྱས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་བྱས་པའི་རང་ཉིད་ཀྱི་བསམ་ཚུལ་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་དང་སྤེལ་རེས་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད།

ཚེས་10ཉིན་གྱི་ཕྱི་དྲོར། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་དང་གཞི་རིམ་མང་ཚོགས་དང་སྤེལ་རེས་བཞུགས་མོལ་ཚོགས་འདུ་ཚལ་གྲོང་ཚོའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་དུ་འཚོགས་པ་རེད།

“པུའུ་ཀྲང་ཀྲན་ལགས། གཞི་རིམ་གྱིས་མཉམ་གཏོད་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་ཇི་ལྟར་གཏོང་དགོས་སམ”ཞེས་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་རྣམ་རྒྱལ་རྡོ་རྗེས་བཀའ་འདྲི་ཞུས་པ་རེད།

“མཉམ་གཏོད་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་ནི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་ཀྱི་འགན་ལེན་གལ་ཆེན་ཞིག་རེད། དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་འཇགས་བཅས་ལ་སྲུང་སྐྱོང་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད”གཞི་རིམ་དུ་མཉམ་གཏོད་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་དོན་སྙིང་གལ་ཆེན་རྒྱས་བཤད་གནང་རྗེས། ཀྲན་ཁྲེང་ཧྥུའུ་ཡིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་། གཞི་རིམ་གྱི་གྲོས་མོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དུས་བསྟུན་མདུན་སྐྱོད་ཀྱིས་གཞི་རིམ་བཅོས་སྐྱོང་གི་ནང་དོན་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ཐད་ནས་རྣམ་རྒྱལ་རྡོ་རྗེའི་འདྲི་བར་གོ་སླ་དོན་ཟབ་ཀྱིས་ལན་བསྐྱོན་པ་རེད།

དེ་རྗེས་ཀྲན་ཁྲེང་ཧྥུའུ་ཡིས་མང་ཚོགས་ཀྱིས་བཏོན་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བ་བརྒྱུད་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཤུགས་རྐྱེན་གང་ཐེབས་མིན་དང་རིག་གནས་རྒྱལ་ཁབ་སྟོབས་ཆེན་གྱིས་མང་ཚོགས་ལ་དོན་སྙིང་གང་ལྡན་མིན་སོགས་ཀྱི་གནད་དོན་ལ་ལན་བསྐྱོན་པ་རེད། ཆུ་ཚོད་གཉིས་ཙམ་གྱི་ངོ་ཐུག་གདོང་འཕྲད་ཀྱི་སྤེལ་རེས་བརྒྱུད། མང་ཚོགས་ཚོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་གོ་བ་དེ་བས་ཟབ་པ་ལེན་ཐུབ་ཡོད་པ་རེད།

ཚེས་11ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་རང་ལྗོངས་ཀྱི་མཐོ་སློབ་དགེ་སློབ་ཀྱི་འཐུས་མི་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཐད་སྤེལ་རེས་གཏིང་ཟབ་བྱས་པ་རེད། ཀྲན་ཁྲེང་ཧྥུའུ་ཡིས་རྒྱ་ཆེའི་དགེ་སློབ་ཀྱི་འཐུས་མིས་དོ་ཁུར་བྱེད་པའི་སློབ་གསོ་དང་། ལས་ཞུགས། ལས་གཏོད། མི་རིགས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་སོགས་ཀྱི་གནད་དོན་ལ་རྒྱས་བཤད་གཏིང་ཟབ་གནང་ཞིང་། ཁོང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《གྲོས་འགོས》ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་ལ་དམིགས་པ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་ནི་སླད་ཕྱིན་ལོ་ལྔ་དང་ཐ་ན་དུས་ཡུན་དེ་བས་རིང་བའི་ནང་། རྒྱལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་སྤྱོད་ཕྱོགས་སྟོན་དང་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཁ་ཕྱོགས་ཀྱི་རང་བཞིན་དང་། རྩ་བའི་རང་བཞིན། འཐབ་ཇུས་ཀྱི་རང་བཞིན་བཅས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ངང་ལན་བསྐྱོན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ཅེས་གསུངས་པ་རེད།

(མཚམས་གཅོད་ཀྱིས་བསྒྱུར། པ་ཚེས་ཞུས)