《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月15日

ལྷད་མེད་བརྩེ་སེམས་རྒྱ་མཚོ་ལས་ཟབ།

“པཱ་ལགས། བོད་དང་ང་ཚོའི་དབར་བར་ཐག་ག་ཚོད་ཡོད་དམ། ཁྱེད་རང་ག་དུས་ལོག་ཕེབས་ཀྱི་རེད་དམ”ཞེས་ལོ་12ལ་སླེབས་པའི་བུ་མོས་པཱ་ལགས་ལ་ལྟ་བཞིན་དུ་སྐད་ཆ་དེ་དྲིས། 2019ལོའི་ཟླ་7ཚེས་14ཉིན་མ་གཞི་བྱས་ན་ཧྲང་ཧའེ་རུ་སློབ་ཆུང་འགྲིམ་བཞིན་པའི་བུ་མོ་དང་མཉམ་དུ་སྡོད་པའི་ཧྲོའེ་ཁའེ་ཞང་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་ཁོངས་མིར་གྱུར་པ་རེད། འཁྲུག་ཆ་དོད་པའི་ཧོང་ཕུའུ་གཙང་འགྲམ་ནས་འཛམ་གླིང་ཡང་རྩེར་སླེབས་ཏེ་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་སློབ་འབྲིང་གི་སློབ་སྤྱིའི་འགན་འཁུར་བ་རེད།

བོད་སྐྱོར་བྱས་ནས་ལོ་གཅིག་ལྷག་ཙམ་སོང་རིང་། ཧྲོའེ་ཁའེ་ཞང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱི་ས་བོན་དེ་གྲོ་མོ་རྫོང་སློབ་འབྲིང་གི་སློབ་གྲྭར་བཏབ་ནས་མི་རིགས་ཁག་གི་དགེ་སློབ་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ཧྲོའེ་ཁའེ་ཞང་གི་སྣེ་ཁྲིད་འོག་2019ལོར་གྲོ་མོ་རྫོང་སློབ་འབྲིང་གི་སློབ་ཁྲིད་གྲུབ་འབྲས་གཞིས་རྩེ་གྲོང་ཁྱེར་གྱི་ཨང་བཞི་པར་འཕར་བ་རེད། “བོད་སྐྱོར་གྱི་གོ་སྐབས་ཉུང་ཉུང་རེད། ངས་དུས་ཚོད་དམ་འཛིན་བྱས་ཏེ་སློབ་མ་ཚོར་བྱ་བ་མང་ཙམ་བསྒྲུབ་རྒྱུ་ཡིན”ཧྲོའེ་ཁའེ་ཞང་གི་ངོས་ནས་བརྗོད་ན། ལྷད་མེད་བརྩེ་སེམས་དེ་མི་རིགས་ཁག་གི་དགེ་སློབ་དབར་ཕྱར་བ་གྲུ་འདེགས་དང་། ཀུན་སེམས་གཅིག་སྒྲིལ། མཉམ་དུ་མདུན་སྐྱོད་བཅས་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད)

གྲོ་མོར་སླེབས་མ་ཐག་པའི་ཧྲོའེ་ཁའེ་ཞང་གིས་སྣ་མང་རང་བཞིན་གྱི་ལག་ལེན་དངོས་ཀྱི་བྱེད་སྒོ་གྲ་སྒྲིག་བྱས་ཏེ་རང་འགུལ་ངང་སློབ་མ་ཚོ་དང་ཅི་འཕྲོས་མོལ་འཕྲོས་ཤོད་ཀྱི་ཡོད། དེ་ནས་རིམ་བཞིན་དགེ་སློབ་དབར་བརྩེ་སེམས་ཤིག་ཆགས་ཀྱི་ཡོད། ཧྲོའེ་ཁའེ་ཞང་གིས་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་ཁག་གི་སློབ་མའི་དབར་བསམ་ཚུལ་སྤེལ་རེས་དང་རང་ཉིད་ཀྱི་བསམ་ཚུལ་རྗོད་པ་སོགས་ཀྱི་ཁྲིད་སྟོན་ཧུར་ཐག་བྱས་ཏེ་མི་རིགས་ཁག་གི་སློབ་མའི་དབར་ཕན་ཚུན་བསམ་ཤེས་དང་། ཕན་ཚུན་འབྲེལ་གཏུག ཕན་ཚུན་བརྩི་འཇོག ཕན་ཚུན་བསྟུན་མཁས་བཅས་ལ་སྐུལ་འདེད་བཏང་ཡོད། 2019ལོར་ཁོང་གིས་ལས་སྟེགས་བཏོད་དེ་ཧྲང་ཧའེ་དང་བོད་ཀྱི་སློབ་མའི་དབར་ཡི་གེ་གཏོང་རེས་བྱེད་དུ་བཅུག་སྟེ་ཕན་ཚུན་གྲོགས་པོ་སྒྲིག་པ་དང་མི་རིགས་ཁག་གི་སློབ་མ་ཕན་ཚུན“ཐག་རིང་གི་གཏམ་རྒྱུད་རྗོད་པར”ཁྲིད་སྟོན་བྱས་ཡོད།

“ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་གཅིག་གི་མི་གསོ་བ། ཧྲང་ཧའེ་དང་བོད་ཀྱི་མི་རིགས་རིག་གནས་དང་། བཟའ་བཏུང་རིག་གནས། ཡུལ་སྐོར་རིག་གནས་སོགས་ཕྱོགས་གང་ཡིན་རུང་ཚང་མར་སྤེལ་རེས་ཀྱི་བར་མཐོངས་ལྡན་ཡོད”ཅེས་2020ལོའི་ཟླ་8པར་གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་གྱི་མཚན་སྙན་ཐོབ་པའི་ཧྲོའེ་ཁའེ་ཞང་གིས་གསར་འགོད་པར་བརྗོད་བྱུང་།

2020ལོར་ཧྲོའེ་ཁའེ་ཞང་གིས་བོད་སྐྱོར་ལས་དོན་རུ་ཁག་དང་འབྲེལ་གཏུག་བྱས་ཏེ་སློབ་མ་ཚོར་ཧྲང་ཧའེ་རུ་སྤེལ་རེས་སློབ་སྦྱོང་བྱེད་པའི་གོ་སྐབས་བརྩོན་ལེན་བྱས་ཡོད། དགེ་སློབ་18ཧྲང་ཧའེ་རུ་བསྐྱོད་དེ་DIབསམ་གཞིག་གསར་གཏོད་འགྲན་བསྡུར་ཆེན་པོ་དང་མྱུ་གུ་ཞིབ་སྦྱོང་སྒར་སའི་བྱེད་སྒོར་ཞུགས་པ་དང་འབྲེལ། “ཧྲང་ཧའེ་གྲོང་ཁྱེར་གྱི་DIབསམ་གཞིག་གསར་གཏོད་འཚོལ་ཞིབ་སྙིང་སྟོབས་བྱ་དགའ”ཐོབ་ནས་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོའི་རི་གྲོང་གི་སློབ་མར་ཕྱི་རོལ་ཡུལ་འཚོལ་ཞིབ་བྱེད་པའི་གཤོག་ཟུང་བསྒར་ཡོད།

ད་ལོའི་ཟླ་6ཚེས་26ཉིན་དམའ་རིམ་སློབ་འབྲིང་དང་པོའི་དགེ་སློབ་164གཞིས་རྩེ་གྲོང་ཁྱེར་དང་རྒྱལ་རྩེ་རྫོང་དུ་བསྐྱོད་དེ“མེས་པོའི་སྙིང་སྟོབས་རྒྱུན་འཛིན། དེང་གི་འགན་འཁྲི་གཙང་འཁུར”གྱི་སྤྱི་ཚོགས་ལག་ལེན་བྱེད་སྒོ་སྤེལ་བ་དང་རང་འགུལ་རྣམ་པ་དང་། མྱོང་རོལ་རྣམ་པ། དངོས་ལྗོངས་རྣམ་པ་བཅས་ཀྱི་བྱེད་སྒོ་ལས་རྒྱལ་གཅེས་ཀྱི་སྙིང་སྟོབས་དང་མཐུན་སྒྲིལ་གྱི་བརྩེ་སེམས་མི་རིགས་ཁག་གི་དགེ་སློབ་ཚོའི་སེམས་ལ་ཟུག་ཡོད།

གྲོ་མོ་རྫོང་དུད་སྣ་ཤང་དུ་ཁྱིམ་ཚང་དཀའ་ངལ་ཡོད་པའི་སློབ་མ་དབང་འདུས(སྒྱུར་མིང)ཟེར་བ་ཞིག་ཡོད། ཁོང་ཆུང་དུས་ནས་སྒལ་རུས་ཁྱོག་པའི་དབང་གིས་སློབ་གྲྭར་འགྲོ་སྟབས་བདེ་པོ་མེད། ཧྲོའེ་ཁའེ་ཞང་གིས་སློབ་མ་སྒྲིག་འཛུགས་བྱས་ཏེ་དབང་འདུས་ཁྱིམ་དུ་འཚམས་འདྲི་བྱེད་པར་བསྐྱོད་པ་དང་འབྲེལ། ཏང་ཀྲི་པུའི་དགེ་རྒན་ཚོ་དང་མཐུན་སྦྱོར་བྱས་ཏེ་དབང་འདུས་ཁྱིམ་དུ་སློབ་ཚན་འཁྲིད་ཀྱི་ཡོད། དབང་འདུས་ཀྱིས་དགའ་ཚོར་ཆེན་པོའི་ངང“སློབ་གྲྭ་དང་དགེ་རྒན་རྣམ་པར་ཐུགས་རྗེ་ཆེ། ཁྱེད་རྣམ་པའི་རོགས་རམ་འོག་ཤེས་བྱ་མང་པོ་ཤེས་ནས་མཐར་བདེ་བླག་ངང་སློབ་གྲྭ་ཐོན་སོང”ཞེས་བཤད།

མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ནམ་ཡང་ཚར་དུས་མེད། དུས་རབས་གསར་པ་དང་། དུས་བབ་གསར་པ། ལས་འགན་གསར་པ་བཅས་ཀྱི་མདུན་དུ་ཧྲོའེ་ཁའེ་ཞང་གིས། སློབ་གྲྭ་ཡོངས་ཀྱི་དགེ་སློབ་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ནན་ཏན་དང་། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཏང་གི་སློབ་གསོའི་བྱེད་ཕྱོགས་དང་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ། སློབ་གསོ་སློབ་ཁྲིད་སྒྱུར་བཅོས་དང་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་སློབ་ཁྲིད་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་ལས་དོན་གཏིང་ཟབ་དང་ཡུན་རིང་སྤེལ་བ། མི་རིགས་མཐུན་སྒྲིལ་གྱི“སྲོག་རྩ”འདི་ཡག་པོ་སྲུང་བ་བཅས་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

(བསོད་ནམས་དབང་མོ་དང་བཀྲ་ཤིས་སྒྲོལ་མས་སྒྱུར་ཞུས་བྱས)