《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月15日

ཏང་གི་དྲོ་སྐྱིད་མང་ཚོགས་ཀྱིས་ཚོར་བར་བྱས།

མང་ཚོགས་ལ་ནང་མི་ལྷན་འཛོམས་ཀྱི་པར་རྒྱག་པ་དང་། མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་བྱེད་པ། སྐབས་དོན་སྐོར་གླེང་བ། འཕོ་འགྱུར་སྐོར་གླེང་བ་བཅས་བྱས་ཏེ་ཏང་གི་ཐུགས་ཁུར་དང་བྱམས་སྐྱོང་མང་ཚོགས་ལ་གསལ་པོ་བཤད་དེ་མང་ཚོགས་ཚོས་ཏང་གི་དྲོ་སྐྱིད་ཚོར་བ་བྱས་ཡོད།

འཕྱོངས་རྒྱས་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་བཙུགས་པ་ནས་བཟུང་། དམིགས་ཚད་དང་ལས་འགན་གྱི་བླང་བྱར་དམ་པོར་དམིགས་ཏེ། “བསམ་བློའི་དྲིལ་བསྒྲགས་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ཀུན་སྤྱོད་དྲིལ་བསྒྲགས་དང་མིག་དཔེར་སློབ་སྦྱོང་། སྲིད་ཇུས་དྲིལ་བསྒྲགས་དང་ཏང་གི་བཀའ་དྲིན་སྐོར་གླེང་བ། རིག་གནས་དྲིལ་བསྒྲགས་དང་དར་སྲོལ་གསར་པ་སློབ་སྦྱོང་། བཅའ་ཁྲིམས་དྲིལ་བསྒྲགས་དང་ཁྲིམས་སྐྱོང་སློབ་སྦྱོང་། ཚན་རྩལ་དྲིལ་བསྒྲགས་དང་ཕྱུག་འགྱུར་ལམ་དུ་སྐྱོད་པ”སོགས་མཐའ་འཁྱོངས་ཀྱིས་དང་བླངས་ཞབས་ཞུའི་བྱེད་སྒོ་རྒྱ་ཁྱབ་སྤེལ་ནས“གཅེས་སེམས་ཀྱི་སྣུམ་སྣོན་ས་ཚིགས་དང་། ཀུན་སྤྱོད་ཀྱི་སྣུམ་སྣོན་ས་ཚིགས། བདེ་ཐང་གི་སྣུམ་སྣོན་ས་ཚིགས། རིགས་པའི་གཞུང་ལུགས་ཀྱི་སྣུམ་སྣོན་ས་ཚིགས། བདེ་སྐྱིད་ཀྱི་སྣུམ་སྣོན་ས་ཚིགས”བཅས་བསྐྲུན་ཏེ། དུས་རབས་གསར་པའི་འཕྱོངས་རྒྱས་རྫོང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱས་པ་རེད།

ཟླ་11ཚེས་3ཉིན་འཕྱོངས་རྒྱས་རྫོང་དེང་རབས་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་དང་བླངས་པ་བསམ་བརྟན་སོགས་ཀྱིས་ནང་མི་ལྷན་འཛོམས་ཀྱི་པར་འཁྱེར་ནས་འཕྱོངས་རྒྱས་གྲོང་རྡལ་དཔལ་རི་སྡེ་ཁུལ་གྱི་མང་ཚོགས་ཟླ་བ་ཆོས་སྒྲོན་གྱི་ཁྱིམ་དུ་བསྐྱོད་པ་རེད།

ནང་མི་ལྷན་འཛོམས་ཀྱི་པར་རག་རྗེས་ཟླ་བ་ཆོས་སྒྲོན་དགའ་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་བསམ་བརྟན་གྱི་ལག་ནས་འཇུས་ཏེ“པར་ཧ་ཅང་ཡག་པོ་བརྒྱབ་འདུག ངས་ཚོམས་ཆེན་དུ་འགེལ་རྩིས་ཡོད། ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།

མང་ཚོགས་ཚོར་ནང་མི་ལྷན་འཛོམས་ཀྱི་པར་རྒྱག་རྒྱུ་དེ་ནི་འཕྱོངས་རྒྱས་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་དང་བླངས་པའི་ལས་དོན་གྱི་གྲས་ཤིག་རེད། པར་ཡག་པོ་རྒྱག་ཆེད། དང་བླངས་པ་ཚོས་སྔོན་ ཚུད་ནས་པར་རྒྱག་སའི་ཁྱིམ་ཚང་དང་འབྲེལ་བ་བྱེད་ཀྱི་ཡོད། པར་བརྒྱབ་རྗེས་རིན་མེད་ངང་པར་བཤུས་ནས་པར་སྒྲོམ་བཟོས་ཏེ་མང་ཚོགས་ལ་སྤྲོད་ཀྱི་ཡོད། བསམ་བརྟན་གྱིས“པར་ཡག་པོ་རྒྱག་ཆེད་ང་ཚོས་པར་མ་བརྒྱབ་གོང་ཁོང་ཚོ་དང་ཅི་འཕྲོས་མོལ་འཕྲོས་དང་། དུས་རྒྱུན་འཚོ་བའི་ཁྲོད་ཀྱི་སྤྲོ་སྣང་ལྡན་པའི་བྱ་བ་གླེང་སྟེ་ཚང་མ་ཚེར་སྣང་མི་ཡོང་བ་བྱེད་ཀྱི་ཡོད”ཅེས་བཤད།

མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་ཤོད་པ་དང་འཕེལ་རྒྱས་སྐོར་གླེང་བས་མང་ཚོགས་དང་འབྲེལ་བ་ཟབ་ཏུ་ཕྱིན་ནས།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) “དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ནི་མང་ཚོགས་ལ་ཚན་རིག་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་དྲིལ་བསྒྲགས་ཀྱི་ལས་སྟེགས་དང་། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཞབས་ཞུའི་ལྟེ་གནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དང་བླངས་ཞབས་ཞུའི་རྒྱ་ཆེའི་གར་སྟེགས”བཅས་སུ་དངོས་འབྲེལ་གྱུར་ཡོད།

རྒྱ་ཆེའི་དང་བླངས་པའི་ཐུན་མོང་འབད་འཐབ་འོག་འཕྱོངས་རྒྱས་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཞིང་འབྲོག་མང་ཚོགས་ཚོའི“བདེ་སྐྱིད་སྣུམ་སྣོན་ས་ཚིགས”སུ་གྱུར་ཡོད། འཕྱོངས་རྒྱས་རྫོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀྲང་ལན་པོ་ཡིས། “བདེ་སྐྱིད་སྣུམ་སྣོན་ས་ཚིགས”ཀྱིས་ཞབས་འདེགས་ཞུ་སའི་ཐབས་ལམ་ཤར་གཏོང་ཐུབ་པ་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ། མང་ཚོགས་ཀྱི་བསམ་བློའི་སློབ་གསོའི་ཐབས་ལམ་ཡངས་སུ་ཕྱིན་ཡོད།

མིག་སྔའི་བར་འཕྱོངས་རྒྱས་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་པ་ཁྱོན་768བསྡུས་པ་དང་། རིམ་རྩིས་བྱས་ན་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་500ལྷག་ཙམ་སྤེལ་བ། དྲིལ་བསྒྲགས་སྒྲོག་འགྲེལ་དང་ཆེད་དོན་གསོ་སྦྱོང་ཐེངས་40ལྷག་ཙམ་བྱས་པ། ནང་མི་ལྷན་འཛོམས་ཀྱི་འདྲ་པར་2600ལྷག་ཙམ་བརྒྱབ་པ་རེད།

ཟླ་བ་ཆོས་སྒྲོན་གྱི་ཁྱིམ་ནས་ཐོན་རྗེས་བསམ་བརྟན་སོགས་ཀྱིས་འཕྱོངས་རྒྱས་གྲོང་རྡལ་ཞོལ་སྡེ་ཁུལ་གྱི་མང་ཚོགས་ཡེ་ཤེས་རྡོ་རྗེའི་ཁྱིམ་དུ་ནང་མི་ལྷན་འཛོམས་ཀྱི་འདྲ་པར་རྒྱག་པར་འགྲོ་རྩིས་འདུག

པར་ཡག་པོ་རྒྱག་ཆེད། ཡེ་ཤེས་རྡོ་རྗེའི་ནང་མིས་གཟབ་མཆོར་ལེགས་པ་སྤྲས་འདུག བསམ་བརྟན་སོགས་ཀྱིས་མང་པོ་ཤོད་དགོས་མེད་པར་ཡེ་ཤེས་རྡོ་རྗེའི་ནང་མི་ལྷན་འཛོམས་ཀྱི་འདྲ་པར་ལམ་སེང་རྒྱག་ཐུབ་ཡོད།

ཡེ་ཤེས་རྡོ་རྗེའི་ནང་མི་བློ་བདེ་པོ་ཡོང་ཆེད། བསམ་བརྟན་གྱིས་ཆེད་མངགས་པར་ཆས་ནས་བརྒྱབ་མ་ཐག་པའི་པར་ཡེ་ཤེས་རྡོ་རྗེའི་ནང་མིར་བསྟན་པ་རེད། འདྲ་པར་དུ་ཡེ་ཤེས་རྡོ་རྗེའི་ནང་མིའི་རྣམ་འགྱུར་ཧ་ཅང་ཡག་པོ་ཐེབས་ཡོད། “ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག་ང་ཚོའི་འཚོ་བ་ཉིན་བཞིན་ལེགས་སུ་འགྲོ་བཞིན་འདུག”ཅེས་ཡེ་ཤེས་རྡོ་རྗེའི་སྐད་ཆ་ལས་ཞིང་འབྲོག་མང་ཚོགས་ཀྱི་སྙིང་གཏམ་མཚོན་ཡོད།

(རིག་རྡོར་གྱིས་བསྒྱུར། སྒྲོན་ལགས་ཀྱིས་ཞུས)