《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月15日

ཆབ་མདོ་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་6.5%འཕར་བ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་ཆབ་མདོ་གྲོང་ཁྱེར་གྱི་2020ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་དཔལ་འབྱོར་འཁོར་རྒྱུག་དང་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་ཤེས་རྟགས་བྱུང་གསལ། ཞིབ་རྩིས་བྱས་པ་བརྒྱུད་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་155.3ཟིན་ནས་དུས་མཚུངས་ལས་6.5%(བསྡུར་གཞི་ཡོད་པའི་རིན་ཐང)འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད(སྒོར་ཁྲི་500དང་དེ་བཞིན་དེ་ཡན)ཟིན་ནས་དུས་མཚུངས་ལས་12.8%འཕར་བ། སྤྱི་ཚོགས་འཛད་རྫས་ཀྱི་སིལ་ཚོང་གི་དངུལ་འབོར་སྒོར་དུང་ཕྱུར་48.72ཟིན་ནས་དུས་མཚུངས་ལས་5%ཆག་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་29105དང་སྒོར་7740ཟིན་ནས་དུས་མཚུངས་ལས་10.1%དང་12.3%སོ་སོར་འཕར་ཡོད་པ་རེད།

དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་ཕྱིན་ནས་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ལེགས་གྲུབ་ཟིན་ཚད་85.2%ཟིན་པ་དང་། ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་གྱི་རྣམ་གྲངས་ཁག་640འཐུས་སྒོ་ཚང་དུ་ཕྱིན་ནས་ཐོན་རྫས་རིགས་50ལྷག་ཙམ་རྒྱལ་ཡོངས་ཀྱི་དབུལ་སྐྱོར་ཐོན་རྫས་ཀྱི་དཀར་ཆག་ནང་ཚུད་པ། རིམ་རྩིས་ལྟར་ན། ས་ངན་ཡུག་ཁུལ་གྱི་གྲོང་ཁྱེར་སྒྲོལ་ནས་ཡུལ་ཞན་དུ་གནས་སྤོས་དབུལ་སྐྱོར་གྱི་མང་ཚོགས་དུད་ཚང་1146གི་མི་7211བཀོད་སྒྲིག་བྱས་པ། སྒོར་ཁྲི་400མན་གྱི་སྲིད་གཞུང་རང་བཞིན་གྱི་རྣམ་གྲངས་དང་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་ནང་ས་གནས་དེ་གའི་ཞིང་པ་ལས་མི་སྤྱོད་ཚད་66.4%དང་72.1%སོ་སོར་བཟུང་བ། ཆེད་ལས་རྩ་འཛུགས་324ལ་ཡོང་འབབ་སྒོར་ཁྲི་6585བྱུང་བ་དང་མང་ཚོགས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་4115བྱུང་བ། (པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) སྣེ་འདྲེན་ཁེ་ལས་23གྱི་ཐོན་རྫས་རིན་ཐང་སྒོར་ཁྲི་9300ཟིན་པ་དང་མང་ཚོགས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་2400ལྷག་ཙམ་ཡོང་བར་སྐུལ་ཁྲིད་ཐུབ་ཡོད་པ་རེད།

ཟླ་དང་པོ་ནས་དགུ་པའི་བར། གྲོང་ཁྱེར་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་171.2ཟིན་ནས་དུས་མཚུངས་ལས་7%འཕར་བ་དང་། སློབ་གསོ་དང་། འཕྲོད་བསྟེན། ལས་ཞུགས། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་གཙོ་གནད་ཁྱབ་ཁོངས་ཀྱི་གཏོང་སྒོའི་བཟུང་ཚད་80%ལྷག་ཙམ་ཟིན་པ། རིམ་རྩིས་ལྟར་ན། ལས་ཞུགས་ལས་གནས་13137བཏོད་ནས། གྲོང་ཁྱེར་དང་གྲོང་རྡལ་དུ་མི5668ལས་ཞུགས་གསར་པ་ཐུབ་པ། ཐེམ་ཁུངས་ཆབ་མདོ་ནས་ཡིན་པའི་ལོ་འདི་གའི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་90.5%ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་2.08%དུ་ཚོད་འཛིན་ཐུབ་པ། གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས་དུས་མཚུངས་ལས་3.4%འཕར་ནས་འཕར་ཚད་དུས་ཚིགས་དང་པོ་དང་ལོ་སྟོད་དང་བསྡུར་ན་བརྒྱ་ཆའི་གྲངས་1.3དང་0.6སོ་སོར་ཆག་ཡོད་པ་རེད།

མིག་སྔའི་བར། རིམ་རྩིས་ལྟར་ན། གྲོང་ཁྱེར་ཡོངས་ཀྱིས་ལས་འགོ་བསྐྱར་ཚུགས་ཀྱི་རྣམ་གྲངས་259དང་ལས་འགོ་ཡང་བསྐྱར་འཛུགས་ཚད་98.11%ཟིན་ནས་མ་དངུལ་སྒོར་དུང་ཕྱུར་182བཏང་ཡོད་པ་རེད། དེའི་ནང་གཙང་གསུམ་ཆུ་གློག་གསར་སྤེལ་ལ་མ་དངུལ་སྒོར་དུང་ཕྱུར་20.33བཏང་བ་དང་། བཤོལ་བ་ལུང་དང་། གཡེར་པ་ཐང་། འབའ་ཐང་བཅས་ཀྱི་གློག་ཁང་གི་འཛུགས་སྐྲུན་མགྱོགས་སུ་བཏང་བ། འགྲིམ་འགྲུལ་ཁྱབ་ཁོངས་སུ་མ་དངུལ་སྒོར་དུང་ཕྱུར་53.27ཟིན་པ་དང་། G349ལམ་ཐིག་གི་དཔལ་འབར་ནས་ལྷ་རི་རྫོང་ཉི་ཝུའུ་ཤང་བར་གྱི་ལམ་དུམ་དང་། ཤར་གོང་ལའི་ཕུག་ལམ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་བྱུང་ཡོད། ཏ་ཆིང་གི་དམངས་འཚོའི་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་53.7བཏང་བ་དང་ཁྲུང་ཆིང·གཙང་གསུམ་གྱི་གདོད་མའི་སྣོད་བཅུད་རིག་གནས་གྲོང་འཁྲབ་སྟོན་ལྟེ་གནས་དང་། ཡེ་སྟོད་གྲོང་ཚོའི་སྤྱི་གླིང་། ཕྱོགས་བསྡུས་ལུས་རྩལ་ཁང་སོགས་རྣམ་གྲངས་30བསྐྲུན་ནས་སྤྱོད་འགོ་ཚུགས་པ་རེད།

(སྒྱུར་ཞུས་པ་པ་ཚེ་དང་མཚམས་གཅོད)