《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月14日

ཀོང་པོའི་སྒོར་བྲོའི་གཞས་ཚིག

རི་རྒྱལ་ལྷུན་པོ།

རི་རྒྱལ་ལྷུན་པོའི་རྩེ་མོ་ལ་རྟེན་འབྲེལ་འགྲིག་ཡོད། ཤིང་སྣ་སྤུན་གསུམ་ཚང་ཡོད། དེ་ལ་ཙནྡ་སྡོང་པོ། མ་དང་མཁའ་འགྲོ་གཟིམ་ཆུང་མཉེས་པོ་ཞིག་བྱ། ཤིང་དེ་ལ་ལྷ་ཤིང་ཤུག་པ། མ་དང་མཁའ་འགྲོ་བསང་ཤུག་མཉེས་པོ་ཞིག་བྱ། ཤིང་དེ་ལ་རྒྱ་ལྕང་གཡུ་ལོ། བླ་མ་དཔོན་པོའི་བསིལ་གྲིབ་མཉེས་པོ་ཅིག་བྱ།

རི་རྒྱལ་ལྷུན་པོའི་སྐེད་པ་ལ་རྟེན་འབྲེལ་འགྲིག་ཡོད། བུ་ཆུང་སྤུན་གསུམ་ཚང་ཡོད། བུ་ཆུང་རྒན་པའི་དུས་ལ་བླ་མ་བཟང་པོའི་བཀའ་ལ་ལྷ་ཆོས་བྱེད་ཤོག་ཟེར། ཆོས་བཤད་དབང་བཀུར་མཉེས་པོ་ཅིག་བྱ། བུ་ཆུང་འབྲིང་བའི་དུས་ལ་དཔོན་པོ་བཟང་པོའི་བཀའ་ལ་ཞབས་ཕྱི་ཞུས་ཤོག་ཟེར། གཏམ་དང་ཡིག་རྩིས་གནང་བ་མཉེས་པོ་ཞིག་བྱ། བུ་ཆུང་ཆུང་བའི་དུས་ལ་ཕ་མ་བཟང་པོའི་བཀའ་ལ་རང་འཚོ་བཟུང་ཤོག་ཟེར། ས་གཞི་ས་ཁང་གནང་བ་མཉེས་པོ་ཞིག་བྱ།

རི་རྒྱལ་ལྷུན་པོའི་རྩ་བ་ལ་རྟེན་འབྲེལ་འགྲིག་ཡོད། ཆུ་སྣ་སྤུན་གསུམ་ཚང་ཡོད། ཆུ་མོ་འདི་ཡར་ཆབ་གཙང་པོ། མ་དང་མཁའ་འགྲོའི་ཁྲུས་ཆུ་མཉེས་པོ་ཞིག་བྱ། ཆུ་མོ་འདི་གྒང་བདུད་རྩི། མ་དང་མཁའ་འགྲོའི་ཡོན་ཆབ་མཉེས་པོ་ཞིག་བྱ། ཆུ་མོ་འདི་རྫ་ཆུ་བསིལ་མ། ཨ་མ་ཆང་མའི་ཆང་ཆུ་མཉེས་པོ་ཞིག་བྱ།

གནམ་དེ་འཁོར་ལོ་རྩིབས་བརྒྱད།

ཉི་མ་ཟླ་བ་གནམ་གྱི་རྒྱན་ཆ་འདྲ་བཞག རྒྱན་ཆ་མ་བཞག་གླིང་བཞི་བསྐོར་ནས་ལོག རི་དེ་མི་འགྱུར་རི་རྒྱལ་ལྷུན་པོ་འདྲ། ལྷ་ཤིང་ཤུག་པ་རི་ཡི་རྒྱན་ཆ་འདྲ་བཞག རྒྱན་ཆ་མ་བཞག་བླ་མའི་བསང་རར་ལོག ས་འདི་མི་འགྱུར་པདྨ་འདབ་བརྒྱད་འདྲ། ལོ་ཡག་ལྗང་པ་ས་ཡི་རྒྱན་ཆ་འདྲ་བཞག རྒྱན་ཆ་མ་བཞག་ཕྱུག་པོའི་བང་མཛོད་ལ་ལོག

རིན་ཆེན་བུམ་པ་བཞེངས་ཡོད།

གསེར་དང་གཅིག་དངུལ་དང་གཉིས་རིན་ཆེན་བུམ་པ་འདྲ་བཞེངས་ཡོད། གཡུ་དང་གཅིག་བྱུ་རུ་དང་གཉིས་བྱས་ནས་བུམ་པའི་ཕྲ་རྒྱན་ལ་བརྒྱན་ཡོད། རྒྱ་ནག་དང་གཅིག་སྟོང་སྐུད་དང་གཉིས་བྱས་ནས་བུམ་པའི་བུམ་ཐག་ལ་བསྒྲོན་ཡོད། ཆང་དང་གཅིག་ཨ་རག་དང་གཉིས་བྱས་ནས་བུམ་པའི་བུམ་ཆུ་ལ་བླུགས་ཡོད། དར་དང་གཅིག་གོས་ཆེན་དང་གཉིས་བྱས་ནས་བུམ་པའི་ན་བཟའ་ལ་བཀླུབས་ཡོད། བདུད་རྩི་དང་གཅིག་སྨན་ཕྱེ་དང་གཉིས་བྱས་ནས་བུམ་པའི་བུམ་རྫས་ལ་བླུགས་ཡོད། རྒྱ་གར་དང་གཅིག་རྨ་བྱ་དང་གཉིས་བྱས་ནས་བུམ་པའི་ཁ་རྒྱན་ལ་བཞག་ཡོད།

རི་དེ་ནོར་བུ་རི་ལ་གཟིགས།

རི་དེ་ནོར་བུ་རི་ཡི་རྩེ་མོ་ལ་གཟིགས་དང་། རྔ་དང་རྔ་དབྱུག་མཉམ་པའི་ཤིང་གཅིག་སྐྱེས། རྔ་དང་རྔ་དབྱུག་བླ་མའི་ཕྱག་ལ་ཕུལ།

རི་དེ་ནོར་བུ་རི་ཡི་སྐེད་པ་ལ་གཟིགས་དང་། མདའ་དང་གཞུ་མོ་མཉམ་པའི་ཤིང་གཅིག་སྐྱེས། མདའ་དང་གཞུ་མོ་དཔོན་པོའི་ཕྱག་ལ་ཕུལ།

རི་དེ་ནོར་བུ་རི་ཡི་རྩ་བ་ལ་གཟིགས་དང་། ཆང་དང་ཇ་ཁྲ་མཉམ་པའི་ཤིང་གཅིག་སྐྱེས། ཆང་དང་ཇ་ཁྲ་ཕ་མའི་ཕྱག་ལ་ཕུལ།

ནོར་བུ་གླིང་ཁར་གཞིས་ཁང་རྒྱག་པ་ཡག

བསོད་ནམས་གཅིག་གིས་ས་རྡོ་བསགས་པ་ཡག མཁས་པ་གཅིག་གིས་ཐིག་སྐུད་བཏང་བ་ཡག ཡར་འགྲོ་ཅན་གཅིག་གིས་རྨང་གཞི་བཏིངས་པ་ཡག གསེར་གྱི་ཀ་བ་ཡར་ལ་བསླངས་པ་ཡག གཡུ་ཡི་གདུང་མ་མར་ལ་བཞག་པ་ཡག ཏ་ལའི་ལོ་མ་ཐོག་ཁེབས་བཏིངས་པ་ཡག ལྷ་ཤིང་ཤུག་པ་དྲས་མར་བཏིངས་པ་ཡག བྱེ་མ་ཀ་ར་ཐོག་སར་བླུགས་པ་ཡག མ་དང་མཁའ་འགྲོས་ཐོག་བཅག་གནང་བ་ཡག

ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་ཚོགས་ནོར་དོན་ཨུ་ལྷན། བསྟན་འཛིན།