《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月14日

མངོན་མིན་རིག་གནས་ཤུལ་བཞག་ལ།

གསོན་ཤུགས་གསར་པ་རྒྱས་པར་བྱས།

དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཞེས་པ་ལྟར་མ་གཞི“འགྲོ་ཕན་གླིང”བོད་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་སྤུས་རྟགས་ཚོང་ཁང་ལྷ་སའི་གྲོང་ཁུལ་རྙིང་པའི་ཕྱག་འཚལ་སྒང་གནའ་བོའི་འཛུགས་སྐྲུན་གྱི་སྒོ་ར་ཆེ་མོའི་ནང་བཙུགས་ཡོད་རུང་། ཁྱད་འཕགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱིས་མི་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད།

“འགྲོ་ཕན་གླིང”བོད་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་སྤུས་རྟགས་ཚོང་ཁང་ནང་འཇུན་པ་གྲོང་ཚོས་བཟོས་པའི་ཀོ་ཆས་དང་། ལྷ་སའི་ཁྲོམ་གཞུང་དུ་བཟོས་པའི་རས་ཆས། པ་སྣམ་རྫོང་གི་ཞིང་པས་འཐག་པའི་བོད་རུམ་སོགས་རང་ལྗོངས་ཀྱི་ས་གནས་ཁག་ལས་ཐོན་པའི་རྒྱུན་མཁོའི་ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱིས་མི་རྣམས་ཀྱི་མིག་དབང་དེ་བས་བཀུག་ཡོད། ཚོང་ཁང་གི་ཟུར་ཞིག་ཏུ་པེ་ཅིང་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་ནས་ཐོན་པའི་ལོ་28ལ་སླེབས་པའི་སློབ་ཐོན་སློབ་མ་བདེ་དབྱངས་ཀྱིས་གློག་ཀླད་ཐོག་བོད་ལྗོངས་འགྲོ་ཕན་གླིང་རིག་གནས་མ་རྐང་ཚད་ཡོད་ཀུང་སིའི་གོམ་སྟབས་རྗེས་མའི་ལས་ཀའི་འཆར་འགོད་བཟོ་བཞིན་འདུག

ཤེས་རྟོགས་བྱུང་བར་གཞིགས་ན། “འགྲོ་ཕན་གླིང”གི་ཐོན་རྫས་ལ་རང་བརྟེན་གསར་རྩོམ་དང་། ས་གནས་འདི་རང་ནས་བཟོས་པ། སྤུས་ལེགས་བབ་ཆགས་བཅས་ཀྱི་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་ལྡན་པས་དེའི་ཐད་དགའ་མོས་ཡོད་མཁན་མང་པོ་ཞིག་གི་ཡིད་དབང་བཀུག་ནས་ཁྲོམ་ར་ངེས་ཅན་ཞིག་བཟུང་ཡོད། གཉེར་སྐྱོང་བྱས་ནས་ལོ་10སོང་རྗེས་ཀྱི་ད་ཆ“འགྲོ་ཕན་གླིང”ལ་གཉེར་སྐྱོང་བྱེད་སྟངས་ཆ་ཚང་ཞིག་གྲུབ་ཡོད་ཅིང་གཉེར་སྐྱོང་གི་འདུ་ཤེས་དང་འཚམ་པའི་ལག་ཤེས་བཟོ་རྩལ་པ་ཤེས་རྟོགས་བྱུང་རིམ་བཞིན་དུས་ཐོག་ཏུ་ཁོང་ཚོ་དང་བཟོ་རྩལ་གྱི་གནད་དོན་ཐད་གྲོས་བསྡུར་བྱས་ཏེ་ཁོང་ཚོར་ལག་རྩལ་དང་། ཇུས་འགོད། ཁྲོམ་ར་སོགས་མཁོ་འདོན་བྱས་ནས་ད་ཡོད་ཀྱི་ཐོན་རྫས་ལ་ལེགས་བཅོས་ཀྱིས་འཆར་འགོད་དཔེ་གསར་དང་། གསོ་སྦྱོང་སྒྲིག་འཛུགས། ཁྲོམ་ར་རྒྱ་སྐྱེད་བཅས་བྱེད་པ་མ་ཟད། ཐ་ན་ལག་ཤེས་བཟོ་རྩལ་བར་དངུལ་བུན་ཡང་བཏང་སྟེ་ཐོན་རྫས་ཚད་གཞི་ལོན་ཚེ་གཞི་ནས་མངགས་ཐོ་སྤྲོད་ཀྱི་ཡོད།

གནའ་བོའི་འཛུགས་སྐྲུན་གྱི་སྒོ་ར་ཆེ་མོའི་ཐོག་སོ་གཉིས་པར་གནས་པའི་ལྷ་སའི“སྡེ་ཁུལ་གྱི་བཟོ་གྲྭ”ཐོག་མ་དེའི་ནང་ཉིན་ལྟར་བོད་རིགས་བུད་མེད་ཚོའི་བྲེལ་འཚུབ་ཆེ་བའི་གཟུགས་བརྙན་མཐོང་རྒྱུ་ཡོད། ཁོང་ཚོས་འཚེམ་འཁོར་ཐོག་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་ཐོན་རྫས་འཚེམ་བཞིན་ཡོད།

ལས་ལ་བརྩོན་པའི་དགའ་དགའ་ནི་སྡེ་ཁུལ་གྱི་བུད་མེད་མང་པོའི་ཁྲོད་ཀྱི་གྲས་ཤིག་ཡིན་པ་དང་། ཁོང་གིས་ལས་མེད་ངང་མི་སྡོད་པར་ཉིན་ལྟར“སྡེ་ཁུལ་གྱི་བཟོ་གྲྭར”ཡོང་ནས་རྩལ་ནུས་སྦྱོང་མཁན་སྡེ་ཁུལ་གྱི་གཞིས་སྲུང་བུད་མེད་ཚོར་འཁོར་འཚེམ་རྒྱག་སྟངས་བསླབས་ནས་ཁོང་ཚོ་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་ཀྱི་ཡོད། “འགྲོ་ཕན་གླིང”དུ་ལས་ཀ་བྱས་ནས་ལོ་15སོང་རིང་རང་ཉིད་ཀྱི་རིན་ཐང་རྟོགས་བྱུང་། གོམ་སྟབས་རྗེས་མའི་ལས་ཀའི་ཁྲོད་ངས་རང་ནུས་གང་ཡོད་ཀྱིས་རང་ཉིད་ཀྱིས་ཤེས་པའི་ལག་རྩལ་སྦ་གསང་སྤུ་ཙམ་མེད་པར་བུད་མེད་གཞན་ལ་སློབ་རྒྱུ་ཡིན་ལ། གཅེན་གཅུང་དེ་བས་མང་བར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཀྱང་བྱེད་ཐུབ་པའི་རེ་བ་ཡོད་ཅེས་དགའ་དགས་བློ་རྩ་བརྟན་པོའི་ངང་བཤད།

ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་འོག འདི་ལོའི་ཟླ་5པར“འགྲོ་ཕན་གླིང”གིས་ལྷ་སར“ཨ་ཅག་སློབ་ཁང+སྡེ་ཁུལ་གྱི་བཟོ་གྲྭ”དངོས་སུ་སྒོ་བྱང་བཀལ་ནས་བཙུགས་ཏེ་བུད་མེད་ཀྱི་ལས་གཏོད་ལས་ཞུགས་ཀྱི་བར་མཐོངས་མུ་མཐུད་ཆེ་རུ་གཏོང་བ་དང་། སློབ་ཁང་དུ་སློབ་ཁྲིད་དང་། རྣམ་པ་འདྲ་བཟོ། དངོས་སྦྱོང་སྦྱོང་བརྡར་སོགས་ཀྱི་རྩལ་ནུས་གསོ་སྦྱོང་བརྒྱུད། སྡེ་ཁུལ་གྱི་བུད་མེད་ཚོས་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་ནས་ཁོང་ཚོའི་ལས་ཞུགས་ཐུབ་ཚད་དང་ངལ་ནུས་ཡོང་འབབ་མང་དུ་གཏོང་རྒྱུ་རེད།

“བོད་དུ་འཚར་ལོངས་བྱུང་བའི་བོད་རིགས་བུ་མོ་ཞིག་གི་ངོས་ནས་སློབ་མཐར་ཕྱིན་རྗེས་ཁྱིམ་གཞིས་བསྐྲུན་རྒྱུ་ནི་ངའི་འགྱུར་མེད་ཀྱི་ཕུགས་འདུན་ཞིག་ཡིན། སློབ་གྲྭ་ཐོན་རྗེས་ཀྱི་ལོ་5ཡི་ནང་ངས་རང་སྐྱོང་ལྗོངས་རིམ་པའི་རྣམ་གྲངས་4དང་གྲོང་ཁྱེར་རིམ་པའི་རྣམ་གྲངས་8རེ་ཞུ་བྱས་པ་དཔེར་ན། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ཞིབ་བཤེར་ཆོག་མཆན་སྤྲད་པའི《ང་དང་ནས》ཞེས་པའི་དངོས་མཚོན་གློག་བརྙན་ཆེ་གྲས་ལྟ་བུ་རེད”ཅེས་བདེ་དབྱངས་ཀྱིས་བཤད་པ་དང་། ཁོང་གིས་གསར་འགོད་པར། 2018ལོར་ཁོང་བོད་ཀྱི་དངོས་མཚོན་གློག་བརྙན་པར་ལེན་ནང་ཞུགས་པ་དང་། ལོ་གཅིག་ལྷག་ཙམ་གྱི་རིག་གནས་སྔོག་འདོན་དང་། འཚོལ་ཞིབ། པར་ལེན་བཅས་ལས་ད་དུང་བསྡུ་ལེན་བྱེད་དགོས་ངེས་ཀྱི་རིག་གནས་དང་ཤེས་བྱ་ཧ་ཅང་མང་པོ་ཡོད་པ་ཤེས་བྱུང་ཞེས་བཤད། སེམས་འགུལ་དེ་ལྟར་ཐེབས་པ་ལས་ཁོང་གིས་དེ་ནི་རང་ཉིད་ཀྱིས་བྱེད་རིན་ཡོད་པའི་བྱ་བ་ཞིག་ཡིན་པ་མ་ཟད། བྱེད་དགོས་ངེས་ཀྱི་བྱ་བ་ཞིག་དང་། བརྩེ་སེམས་དང་འགན་འཁྲི་ཞིག་དེ་བས་ཡིན་པ་གསལ་པོར་རྟོགས་ཡོད། 2019ལོར་བདེ་དབྱངས་བོད་ལྗོངས་འགྲོ་ཕན་གླིང་རིག་གནས་མ་རྐང་ཚད་ཡོད་ཀུང་སིར་དངོས་སུ་ཞུགས་པ་མ་ཟད། རྣམ་གྲངས་ཀྱི་ཅིང་ལིའི་འགན་ཁུར་ནས་དེ་སྔོན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུའི་ཕུགས་འདུན་མངོན་འགྱུར་བྱུང་བ་རེད།

དང་ཐོག“འགྲོ་ཕན་གླིང”གི་རྒྱབ་ལྗོངས་ཤེས་རྟོགས་བྱུང་མ་ཐག་ངས་དེ་ནི་འགན་འཁྲི་ཞིག་ཡིན་པ་ཤེས་བྱུང་ལ། རྗེས་སུ“འགྲོ་ཕན་གླིང”གི་ལག་ཤེས་བཟོ་རྩལ་བ་དང་། དེ་བཞིན་སྡེ་ཁུལ་དང་མཉམ་ལས་ཁང་གི་ཨ་ཅག་ཚོའི་རྒྱུན་འཁྱོངས་དང་འབད་བརྩོན་མིག་མཐོང་ལག་ཟིན་བྱུང་སྐབས་སེམས་འགུལ་ཚད་མེད་ཐེབས་བྱུང་། ཟླ་4ཙམ་གྱི་ལས་ཀའི་དུས་ཚོད་ནང“ཨ་ཅག་སློབ་ཁང+སྡེ་ཁུལ་གྱི་བཟོ་གྲྭ”བཙུགས་པ་ནས་དྲ་ཐོག་གྲགས་ཅན་གྱི་མཛེས་ལྗོངས་ཁུལ་བཙུགས་པའི་བར་རྣམ་གྲངས་5ཡི་རེ་ཞུ་དང་། འགན་འཁུར། དེའི་ནང་ཞུགས་པ་སོགས་ཀྱི་ལས་ཀ་བྱས་པ་ལས་ངས་ལས་ཀ་དེ་ནི་ལས་སླ་པོ་ཞིག་མིན་པ་གསལ་པོ་ཤེས་མོད། འོན་ཀྱང་དེའི་དོན་སྙིང་ནི་ངའི་རྩ་ཆེ་ཤོས་ཀྱི་རྒྱུ་ནོར་ཞིག་རེད། “འགྲོ་ཕན་གླིང”གིས་མུ་མཐུད་རིག་གནས་ཐད་གསེད་བཀྲོལ་དང་གདམ་གསེས་བྱས་ཏེ། རིག་གནས་ལ་གསར་གཏོད་ཐེངས་གཉིས་པ་བྱས་པ་བརྒྱུད་དེང་རབས་འཚོ་བ་དང་དེ་བས་འཚམ་པའི་ཐོན་རྫས་སུ་འགྱུར་བ་བྱེད་རྒྱུ་ཡིན་ཞེས་བདེ་དབྱངས་ཀྱིས་བློ་རྩ་བརྟན་པོས་བཤད།

པར①ནི“འགྲོ་ཕན་གླིང”བོད་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ཚོང་ཁང་གི་གང་སར་མཐོང་རྒྱུ་ཡོད་པའི་བོད་བཟོའི་ཐོན་རྫས་ཡིན་པ།

པར②ནི་ཡུལ་སྐོར་བས“འགྲོ་ཕན་གླིང”བོད་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་སྤུས་རྟགས་ཚོང་ཁང་ནས་རས་ཀྱི་ལག་ཤེས་ཐོན་རྫས་ཉོ་བཞིན་པ།

པར③ནི་ལྷ་སའི་བུད་མེད་ཚོས་འཚེམ་པའི་ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས་ཡིན་པ།

པར④ནི་ལས་ཀ་བྱེད་བཞིན་པའི་བདེ་དབྱངས་ཡིན་པ།

པར⑤ནི་བལ་གྱི་སྟོད་གོས་སླ་བཞིན་པ།

པར⑥འདི་ནི་བོད་ལྗོངས་འགྲོ་ཕན་གླིང་རིག་གནས་མ་རྐང་ཚད་ཡོད་ཀུང་སིས་2020ལོའི་བྱི་ལོར་ཆེད་མངགས་བཟོས་པའི་ཧི་མ་ལ་ཡའི་འཇའ་ཚོན་གྱི་བྱི་བ་ཡིན་པ་དང་འདི་ལོའི་སྐབས་དྲུག་པའི“ལྷ་སའི་ལག་ཤེས་མཁས་ཅན”གྱི་ཚོང་ཟོག་ཡུལ་སྐོར་འགྲན་བསྡུར་ཆེ་མོའི་ཐོག་བྱ་དགའ་རིམ་པ་གཉིས་པ་ཐོབ་པ།

པར⑦ནི་ཡུལ་སྐོར་བ་ཚོས“འགྲོ་ཕན་གླིང”བོད་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་སྤུས་རྟགས་ཁང་ནས་ལག་ཤེས་བཟོ་རྩལ་ཐོན་རྫས་སྣ་ཚོགས་ཉོ་བཞིན་པ།