《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月13日

སློབ་ཆུང་བོད་སྐད་ཡིག་དགེ་རྒན་ལ་ཚང་དགོས་པའི་ཆ་རྐྱེན་སྐོར་རགས་ཙམ་གླེང་བ།



སྤྱི་ཚོགས་རིམ་བཞིན་འཕེལ་རྒྱས་འགྲོ་བ་དང་། སློབ་ཁྲིད་ཀྱི་ཡོ་ཆས་ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་བའི་སྐབས་འདིར། ང་ཚོ་སློབ་ཆུང་གི་བོད་སྐད་ཡིག་དགེ་རྒན་ཞིག་གི་ངོས་ནས་བརྗོད་ན། འདས་ཟིན་པའི་དུས་ཀྱི་འབྲས་བུ་དང་ཡར་སྔོན་སྦྱངས་པའི་ཡོན་ཏན་ལ་བློ་ཁ་ཚིམ་ནས་དུས་འདའ་བར་བྱས་ན། དངོས་གནས་ཡིད་ཕམ་པའི་གནད་ཅིག་ཡིན་པས། ང་ཚོས་རང་ཉིད་ནས་འགོ་བརྩམས་ཏེ་རང་གི་སྐྱོན་ཆ་ལེགས་པར་སེལ་དགོས་ཤིང་། སྔར་གྱི་སློབ་ཁྲིད་བྱེད་སྟངས་ལ་སྙིགས་དོར་བཅུད་ལེན་སྒོས་མུ་མཐུད་གོང་འཕེལ་གཏོང་དགོས་ལ། རང་ལ་མཁོ་བའི་ཤེས་བྱ་གསར་པ་དག་ལ་སྦྱངས་པ་མཐར་ཕྱིན་བྱས་ཏེ་དུས་བསྟུན་འཕེལ་རྒྱས་ཡོང་བར་བརྩོན་དགོས།

གཅིག ཆེད་ལས་མཐོར་འདེགས་ཐད་བརྩོན་དགོས།

བོད་སྐད་ཡིག་གི་དགེ་རྒན་ཞིག་ཡིན་ན། ཐོག་མར་བོད་སྐད་ཡིག་གི་བརྡ་སྤྲོད་སོགས་ཀྱི་རྨང་གཞིའི་ཤེས་བྱ་ལེགས་པོ་དགོས་ལ། རབ་བྱུང་ན། མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ལ་རྒྱུས་ལོན་ཅུང་ཙམ་ཡོད་དགོས། དགེ་རྒན་རང་ཉིད་བརྡ་སྤྲོད་ལ་སོགས་པའི་བོད་ཡིག་གི་རྨང་གཞིའི་ཤེས་བྱར་བྱང་མ་ཆུབ་ན། ཡི་གེ་ཀ་ལི་ནས་འགོ་བཙུགས་ཏེ་རིམ་བཞིན་སུམ་རྟགས་སོགས་དཀའ་བའི་གནད་ལ་འཇུག་དུས་སློབ་མ་ཆུང་ཆུང་ཚོའི་དགོས་མཁོ་ཇི་ལྟར་སྐོང་། དེས་མ་ཟད། བོད་སྐད་ཡིག་ཁྲིད་དུས་སློབ་དེབ་རྐྱང་རྐྱང་ལ་རྟེན་མི་རུང་། སློབ་དེབ་རྐྱང་པར་རྟེན་དྲགས་ན་སློབ་མའི་ཤེས་རྒྱ་ཐོས་རྒྱ་བསྐྱེད་དཀའ་ལ། བོད་ཡིག་ལེགས་པར་སྦྱངས་འདོད་ཀྱི་འདུན་པའང་བསྐྱེད་དཀའ། དེ་བས་བོད་ཡིག་དགེ་རྒན་རྣམ་པས་བོད་ཀྱི་ལོ་རྒྱུས་དང་རིག་གནས་སོགས་ཀྱི་དཔེ་དེབ་མང་ཙམ་ཀློག་དགོས། “སློབ་མར་ཆུ་ཕོར་གང་སྦྱིན་དགོས་ན་དགེ་རྒན་ལ་ཆུ་ཟོམ་གང་དགོས”ཞེས་པ་བཞིན་རིག་གནས་ཀྱི་བྱང་ཚད་ལེགས་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་དགེ་རྒན་རང་ཉིད་ལ་ཤེས་བྱའི་བྱང་ཚད་ལེགས་པོ་དགོས་པས། ཐོག་མར་དགེ་རྒན་རང་གིས་དཔེ་ཀློག་ལ་བརྩོན་པ་བགྱིས་ཏེ་བོད་ཀྱི་ཤེས་བྱ་རིག་གནས་ལ་རྒྱུས་མངའ་ལོན་དགོས་ལ། དེ་ནས་རང་གིས་སྦྱངས་པ་དག་བོད་ཡིག་སློབ་ཚན་དང་འབྲེལ་ནས་སློབ་མར་ཁྲིད་དགོས། བོད་སྐད་ཡིག་སློབ་པའི་མཐའ་མའི་དམིགས་ཡུལ་ནི་བོད་ཡིག་གི་དཔེ་དེབ་ཀློག་པ་དང་། རང་མི་རིགས་ཀྱི་སྐད་ཡིག་མ་ཉམས་གོང་འཕེལ་གཏོང་བ་ཡིན་པས། སློབ་མ་ཚོའི་བོད་ཡིག་ཀློག་འདོན་ཙམ་ལ་ཡིད་མི་ཚིམ་པར། བོད་ཡིག་བཀོལ་སྤྱོད་ལེགས་པོ་བྱེད་ཐུབ་ལ་དཔེ་དེབ་ཀྱི་ནང་དོན་འཁྲུལ་བ་མེད་པར་རྟོགས་ཐུབ་པའི་ཆེད་དུ་འབད་འབུངས་ཧུར་བརྩོན་བྱེད་དགོས།

གཉིས། སློབ་ཚན་བཀོད་སྒྲིག་ལ་མཐོང་ཆེན་བྱེད་དགོས།

སློབ་མའི་བོད་སྐད་ཡིག་གི་ཆུ་ཚད་གོང་མཐོར་གཏོང་དགོས་ན། རྨང་གཞིའི་སློབ་གསོ་ནས་འགོ་བཙུགས་ཏེ་རིགས་དང་རིམ་པ་དབྱེ་ནས་སློབ་ཚན་བཀོད་སྒྲིག་བྱེད་དགོས་ལ། སློབ་མའི་བློ་རིག་གི་འཕེལ་རྒྱས་དང་བསྟུན་ནས་རིམ་བཞིན་སླ་བ་ནས་དཀའ་གནད་ལ་འཇུག་དགོས། གལ་སྲིད་སློབ་ཁྲིད་ཀྱི་ནང་དོན་སློབ་མའི་བློ་རིག་གི་ཚད་ལས་བརྒལ་དྲགས་ན། ཤེས་བྱ་རྒྱུད་ལ་འབྱོར་བ་ཕར་ཞོག རིམ་གྱིས་བོད་སྐད་ཡིག་སློབ་སྦྱོང་གི་འདུན་པའང་ཉམས་སྲིད། དེ་བས་སློབ་ཁྲིད་ཀྱི་ཆོས་ཉིད་ལ་སྟངས་འཛིན་ཡང་དག་བྱེད་པའི་རྨང་གཞིའི་ཐོག ཚན་རིག་དང་མཐུན་པར་སློབ་ཚན་བཀོད་སྒྲིག་བྱེད་པ་ནི་ཤིན་ཏུ་གལ་འགངས་ཆེ། གུས་པས་བསམས་ན། སློབ་ཆུང་གི་བོད་ཡིག་དགེ་རྒན་ཞིག་ཡིན་ན། ཐོག་མར་སློབ་ཆུང་ལོ་རིམ་དང་པོ་ནས་བཟུང་སྟེ་བོད་སྐད་ཡིག་སློབ་ཁྲིད་ཀྱི་འཆར་འགོད་ལེགས་པོ་ཞིག་དགོས་པ་དང་། སྤྱིའི་ཆ་ནས་དུས་རིམ་གསུམ་ལ་དབྱེ་ན་སློབ་བུའི་བོད་ཡིག་གི་རྨང་གཞི་ལེགས་པོ་འདིང་བར་ཕན་པ་ཆེ་སྟེ། གཅིག་ནི་ལོ་རིམ་དང་པོ་ནས་གཉིས་པའི་བར་དུ་བོད་ཡིག་གི་དབྱངས་གསལ་ནས་འགོ་བརྩམས་ཏེ་རིམ་བཞིན་མགོ་ཅན་དང་འདོགས་ཅན། ཡི་གེ་སྦྱོར་ཀློག ཐ་སྙད་ཡིད་ལ་འཛིན་པ་སོགས་གཙོར་བཟུང་སྟེ་སློབ་ཚན་བཀོད་སྒྲིག་བྱེད་དགོས། གཉིས་ནི་ལོ་རིམ་གསུམ་པ་ནས་བཞི་པའི་བར་དུ་ཚིག་གི་ཀློག་འདོན་དང་ཐ་སྙད་མང་པོ་བློར་འཛིན་པ་ནས་རིམ་བཞིན་བརྡ་སྤྲོད་ཀྱི་ཤེས་བྱ་ཕྲན་བུ་ཁྲིད་པ་དང་། བོད་ཡིག་གི་རྩོམ་ཐུང་འབྲི་བ་གཙོར་བཟུང་སྟེ་འབྲེལ་ཡོད་ཀྱི་སློབ་ཚན་དང་སྦྱོང་གཞི་བཀོད་སྒྲིག་བྱེད་དགོས། གསུམ་ནི་ལོ་རིམ་ལྔ་པ་ནས་དྲུག་པའི་བར་དུ་ཀློག་འདོན་ལ་བྱང་ཆུབ་པ་དགོས་པ་མ་ཟད། སྤྱིར་བཏང་གི་བརྡ་སྤྲོད་ཤེས་བྱ་ཅུང་ཙམ་ཤེས་པ་དང་བོད་ཡིག་གི་རྩོམ་ཡིག་ཅུང་ལེགས་པོ་འབྲི་བ་གཙོར་བཟུང་སྟེ་སློབ་ཚན་དང་སྦྱོང་གཞི་བཀོད་སྒྲིག་བྱེད་དགོས། གོང་གསལ་གྱི་བཀོད་སྒྲིག་གཞིར་བཟུང་སྟེ་དུས་སྐབས་རེ་རེའི་དམིགས་ཡུལ་ལེགས་པར་འགྲུབ་ན། སློབ་མ་གང་ཞིག་སློབ་ཆུང་མཐར་ཕྱིན་ནས་སློབ་འབྲིང་དུ་བསྐྱོད་དུས་སྤྱིར་ན་བོད་ཡིག་གི་རྨང་གཞི་ཅུང་ལེགས་པོ་བཏིང་ཡོད་ལ། ཕྱིས་འབྱུང་བོད་ཡིག་གི་ཆུ་ཚད་སྔར་བས་གོང་འཕེལ་འགྲོ་བའི་མདུན་ལམ་ཡང་ཅུང་ཡངས་པར་འདོད། ཡང་དངོས་སུ་སློབ་ཁྲིད་བྱེད་སྐབས་སུ། སློབ་མའི་ཆུ་ཚད་ཀྱི་ཧེ་བག་ལ་མ་བལྟས་པར་ཆ་རྐྱེན་གཅིག་མཐུན་འདོན་པའང་སྤངས་པའི་གཞི་སྟེ། བློ་རིག་ལ་སྤྱང་དམན་དང་ཆུ་ཚད་ལ་མཐོ་དམན་ཡོད་པས། དཀྱུས་གཅིག་ཏུ་ཧེ་བག་མེད་པར་བླང་བྱ་བཏོན་ན་གོང་དུ་བརྗོད་པའི་བོད་ཡིག་སློབ་སྦྱོང་གི་འདུན་པ་ཉམས་པའི་གནས་ཚུལ་ཡང་ཐོན་སྲིད། དེ་བས་སློབ་མའི་ཆུ་ཚད་གཞིར་བཟུང་སྟེ་སློབ་ཚན་བཀོད་སྒྲིག་དང་སློབ་མའི་བོད་ཡིག་སློབ་སྦྱོང་གི་འདུན་པ་བསྐྱེད་པ་ཧ་ཅང་གལ་ཆེ་བར་མཐོང་།

གསུམ། དེང་རབས་ཀྱི་སློབ་གསོའི་ཐབས་ལམ་ལ་རྒྱུས་མངའ་ཟབ་དགོས།

སློབ་ཁྲིད་ཁྲོད་དུ་ཆ་འཕྲིན་ལག་རྩལ་ཡོངས་ཁྱབ་ཏུ་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་ནི་སློབ་ཁྲིད་བཅོས་སྒྱུར་གྱི་འཕེལ་ཕྱོགས་གལ་ཆེན་ཞིག་ཡིན། མིག་སྔའི་ངོས་ནས་བཤད་ན། སློབ་ཁྲིད་ཀྱི་ཐབས་ལམ་དང་སྒྲིག་ཆས་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། སློབ་ཁྲིད་ཀྱི་བརྒྱུད་རིམ་དང་། སྒྲིག་འཛུགས་བྱེད་སྟངས། སྤུས་ཚད་དང་ཕན་འབྲས་བཅས་ཚང་མ་སློབ་ཁྲིད་ཀྱི་ཐམས་ལམ་མམ་སྒྲིག་ཆས་གསར་པར་འབྲེལ་ཆེ་བ་རེད། དེང་གི་ཆར་འཛམ་གླིང་གི་རྒྱལ་ཁབ་ཚང་མས་ཆ་འཕྲིན་ལག་རྩལ་བེད་སྤྱོད་གང་ལེགས་བྱས་ནས་སློབ་ཁྲིད་ཀྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། ཆ་འཕྲིན་བཀོལ་སྤྱོད་བྱེད་ཚད་ཀྱང་སློབ་གསོ་དེང་རབས་ཅན་གྱི་ཚད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་རང་སྐྱོང་ལྗོངས་ཀྱིས་ལག་བསྟར་དོན་འཁྱོལ་གང་ལེགས་བྱས་པས། རང་ལྗོངས་ཀྱི་གྲོང་ཁྱེར་ཁག་གི་སློབ་གྲྭ་མ་ཟད། ཐག་རིང་ལུང་ཁུག་ཏུ་གནས་པའི་སློབ་གྲྭ་ཡོངས་ཀྱི་ཆ་རྐྱེན་དང་སློབ་གསོའི་སྒྲིག་ཆས་ལའང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་དང་འབྱུང་བཞིན་ཡོད་ལ། ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་ལས་རྒྱལ་ནང་དང་རྒྱལ་ཕྱིའི་སྔོན་ཐོན་གྱི་སློབ་གསོའི་འདུ་ཤེས་དང་ཐབས་ལམ་གསར་པའང་རང་ལྗོངས་སུ་དར་བཞིན་ཡོད། ཡིན་ཡང་། སྒྲིག་ཆས་གསར་པ་དང་ཐབས་ལམ་གསར་པ་ཡོད་པ་ཙམ་གྱིས་མ་སྦྱངས་མ་བཀོལ་ན་དངོས་ཡོད་ཀྱི་ཕན་འབྲས་འབྱུང་མི་སྲིད་པས། དགེ་རྒན་རང་ཉིད་ནས་དེ་དག་ལ་སྦྱངས་པ་ལེགས་པོ་བྱེད་དགོས། ལྷག་པར་དུ་ཆ་འཕྲིན་ལག་རྩལ་དང་སློབ་ཁྲིད་ཟུང་འབྲེལ་དམ་ཚགས་བྱེད་པའི་ནུས་པ་ཅིས་ཀྱང་ལྡན་དགོས། མིག་སྔ་ནི་ཆ་འཕྲིན་ལག་རྩལ་ཧ་ཅང་དར་ཆེ་བའི་སྐབས་སུ་གནས་ལ། ཡར་སྔོན་གྱི་ནག་པང་ད་ལྟ་pptཡིས་ཚབ་བྱས་པ་དང་། ཡར་སྔོན་གྱི་ཟིན་བྲིས་ད་ལྟ་གློག་ཀླད་ཀྱིས་ཚབ་བྱས་པ་རེད། དུས་སྐབས་འདི་འདྲའི་འོག་ཏུ་ད་དུང་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་ལས་མ་འཇོན་ན་སློབ་ཁྲིད་ཀྱི་ནུས་ཕྱོད་ཀྱང་བལྟོས་བཅས་ཀྱིས་དམའ་རུ་འགྲོ་ངེས། དེ་བས་དྲ་རྒྱའི་སློབ་གསོ་སོགས་ཀྱི་ཆུ་ཚད་ཀྱང་མི་དམན་པ་ཞིག་དགོས་པ་དང་། དེང་རབས་ཆ་འཕྲིན་ལག་རྩལ་གྱི་རྩ་བའི་ཤེས་བྱར་སློབ་སྦྱོང་བྱས་ཏེ་དྲ་ཐོག་ནས་སློབ་ཁྲིད་ཆ་འཕྲིན་སྤེལ་བ་དང་འཚོལ་བ། བཀོལ་སྤྱོད་བཅས་བྱས་ནས་དུས་རབས་ཀྱི་འཕེལ་རྒྱས་དང་འཚམ་པའི་ཚད་ལྡན་དགེ་རྒན་ཞིག་བྱེད་པར་འབད་འབུངས་བྱེད་དགོས།

མཇུག་བསྡུ་བ།

སློབ་ཚན་ཡག་པོ་ཁྲིད་པ་དང་སློབ་མ་ཡག་པོ་གསོ་སྐྱོང་བྱེད་པ་ནི་དགེ་རྒན་གྱི་ཆེས་མཐོ་བའི་བླང་བྱ་ཡིན་ལ། ཆེས་འགྲུབ་དཀའ་བའི་ལས་ཞིག་ཀྱང་ཡིན། ཡིན་ཡང་དགེ་རྒན་གྱི་ལས་ལ་ཞུགས་ཤིང་ཁྲིད་སྟེགས་སྟེང་དུ་ལངས་པ་ནས་བཟུང་། ཁྱེད་ཀྱི་གཏམ་སྤྱོད་ཀུན་ལས་མི་རབས་རྗེས་མའི་འཚར་ལོངས་ལ་ཤུགས་རྐྱེན་ཐེབས་སྲིད་པས། རང་གི་ཐོག་མའི་སེམས་འདུན་མ་བརྗེད་པར་སློབ་མའི་ཡར་རྒྱས་ཆེད་དུ་འབད་པ་ལྷུར་ལེན་བྱེད་དགོས། ལྷག་པར་དུ་སློབ་ཆུང་གི་བོད་སྐད་ཡིག་དགེ་རྒན་ཞིག་ཡིན་པའི་ངོས་ནས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་མི་རིགས་སྐད་ཡིག་སློབ་གསོར་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་དང་དུ་ལེན་པ་དང་། བོད་སྐད་ཡིག་མ་ཉམས་གོང་འཕེལ་གཏོང་བའི་ལས་འགན་ལྕི་བོ་ཕྲག་ཏུ་བླངས་ཏེ་སློབ་ཆུང་གི་དུས་ནས་བཟུང་སྟེ་བོད་སྐད་ཡིག་གི་རྨང་གཞི་ཡག་པོ་ཞིག་འདིང་བའི་ཆེད་དུ་ཡང་འབད་བསྐྱར་འབད་བྱེད་དགོས།

(ཁྲེང་ཀོན་ཆུས་ཧའེ་ས་སློབ་ཆུང་། སྐལ་བཟང་དར་རྒྱས། ཆོས་སྒྲོལ)