《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月13日

ལྷོ་ཁ་གྲོང་ཁྱེར་གྱིས་སྣོད་བཅུད་ཁོར་ཡུག་གི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ།

སྣོད་བཅུད་ཁོར་ཡུག་ཆེད་དོན་བཅོས་སྒྲིག་ལས། ཡར་ཀླུང་ས་གཞི་མཛེས་ཤིང་ལྟ་ན་སྡུག

ཡར་འབྲོག་གཡུ་མཚོའི་མཐའ་འཁོར་གྱི་མང་ཚོགས་ཀྱིས་མཚོ་འགྲམ་གྱི་གད་སྙིགས་སྒྲུག་བཞིན་པ།

འདི་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་སྣོད་བཅུད་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཕྲག་ཏུ་འཁུར་བ་དང་། དམ་འཛིན། བྱ་སྤྱོད་དངོས་སུ་དོན་འཁྱོལ་བཅས་བྱས་པ་དང་། ཁོར་ཡུག་སྲུང་སྐྱོང་ལ་མ་འཇོག་ཆེན་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྣོད་བཅུད་ཁོར་ཡུག་གི“ཆེན་པོ་དྲུག”གི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་ཁོར་ཡུག་སྲུང་སྐྱོང་ལ་མི་ཚང་མ་ཞུགས་པའི་རྣམ་པ་ཟབ་མོ་ཞིག་བཏོད་པ་དང་སྣོད་བཅུད་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་རེད།

ལས་ཀའི་ཇུས་གཞི་ཞིབ་ཕྲ་བཟོས་ནས་འགན་འཁྲི་ནན་དུ་བཏང་བ།

ལྷོ་ཁ་གྲོང་ཁྱེར་གྱིས《སྣོད་བཅུད་ཁོར་ཡུག་གི“ཆེན་པོ་དྲུག”གི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱི་ཇུས་གཞི》བཏོན་པ་དང་འབྲེལ། འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། རྫོང(ཆུས)ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས《ཇུས་གཞིའི》སྤྱིའི་བླང་བྱ་གཞིར་བཟུང་ཞིབ་ཕྲའི་ཇུས་གཞི་བཟོས་པ་དང་། “གཟའ་འཁོར་རེར་སྙན་ཞུ་རེ”དང་། “ཟླ་རེར་ཕྱོགས་སྡོམ་རེ” “དུས་ཚིགས་རེར་བཀོད་གཏོང་རེ་བྱེད་པའི”ལས་ཀའི་ལམ་སྲོལ་ལག་ལེན་བསྟར་བ། གྲོང་ཁྱེར་ཐད་གཏོགས་ཚན་པ་ཁག་གིས་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ཏེ་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཙུགས་ནས་ཁྲིམས་འཛིན་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་བ། འབྲེལ་ཡོད་ཚན་པ་ཁག་གི་ཁྲིམས་འཛིན་མི་སྣས་མཉམ་འབྲེལ་ཁྲིམས་འཛིན་རུ་ཁག་བཙུགས་ནས་ས་ཁོངས་གལ་ཆེན་ལ་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་བྱས་པ་རེད།

མིག་སྔའི་བར། ལྷོ་ཁ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱིས《ལྷ་ཉིང་ལྕགས་ལམ་ལྷོ་ཁ་དུམ་བུའི་གནས་སྐབས་འཚོ་བའི་སྡོད་ཁང་དང་མཛོད་ཁང་སོགས་ཀྱི་སྐྲུན་དངོས་བཤིག་པ་དང་རང་སོར་འཇོག་པའི་གནད་དོན་གྲལ་བཤེར་སྐོར་གྱི་བརྡ་ཐོ》བཟོས་ནས། ལམ་རྒྱུད་རྫོང(ཆུས)གི་ཉིང་ལག་ལྕགས་ལམ་གཞུང་ལས་ཁང་དང་བོད་ལྗོངས་ལྕགས་ལམ་འཛུགས་སྐྲུན་ཚད་ཡོད་ཀུང་སི་ལྷ་སའི་བཀོད་འདོམས་པུའུ་ལ་སྤྲད་པ་དང་། མི་སྣ་སྒྲིག་འཛུགས་བྱས་ནས་ལྷ་ཉིང་ལྕགས་ལམ་ལྷོ་ཁ་དུམ་བུའི་གནས་སྐབས་སྐྲུན་དངོས་164རེ་རེ་བཞིན་གྲལ་བཤེར་བརྟག་ཞིབ་བྱས་པའི་ནང་113བཀོལ་སྤྱོད་བྱེད་བཞིན་ཡོད། ལྷོ་ཁ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཤིང་འཛུགས་ནགས་བཟོའི་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་གྲ་སྒྲིག་བྱེད་འགོ་བཙུགས་ནས། གཞི་ཁྱོན་ཆེ་བའི་འོས་འགན་ཤིང་འཛུགས་བྱེད་སྒོ་དང་ས་བབ་མཐོ་ཚད་སྨི་4300མན་གྱི་གྲོང་ཚོ་དང་དུད་ཚང་ལ་ལྗོན་ཤིང་འཛུགས་པའི་ལས་དོན་མུ་མཐུད་སྲ་བརྟན་དུ་བཏང་བ་རེད། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོའི་རྣམ་གྲངས་དང་གཙོ་གནད་ས་ཁོངས་ཀྱི་སྤྱི་ཕན་ནགས་བཟོའི་རྣམ་གྲངས་ལག་ལེན་བསྟར་བ་རེད།

གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མཐིལ་རྟོགས་གྲལ་བཤེར་བྱས་པ།

ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁྱེར་ཐད་གཏོགས་ཚན་པ་ཁག་གིས་སྔ་རྗེས་སུ་རང་སོ་སོའི་བདག་སྐྱོང་བྱེད་ཁོངས་ནང་སྣོད་བཅུད་ཁོར་ཡུག་གི་གནད་དོན་གྲལ་བཤེར་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་དང་ལྷག་པར་དུ་གཙང་པོ་དང་ཆུ་བོ་རྒྱུག་ཁུལ་དང་། འགྲིམ་འགྲུལ་ལམ་རྒྱུད། ལྕགས་ལམ་ལམ་རྒྱུད། ས་མཚམས་ལམ་རྒྱུད། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་ས་ཁོངས་སུ་གནས་པའི་སྣོད་བཅུད་ཁོར་ཡུག་གི་གནད་དོན་གྲལ་བཤེར་བྱས་ནས་ས་ཆ་དེ་གར་བཅོས་སྒྲིག་བྱེད་ཐུབ་རིགས་ས་ཆ་དེ་གར་བཅོས་སྒྲིག་བྱས་པ་དང་། ས་ཆ་དེ་གར་བཅོས་སྒྲིག་བྱེད་མི་ཐུབ་པའི་རིགས་ལས་ཀའི་རྩིས་ཐོ་བཟོས་ནས་དུས་བཀག་ནང་བཅོས་སྒྲིག་བྱས་པ་རེད།

སྣོད་བཅུད་ཁོར་ཡུག་གི“ཆེན་པོ་དྲུག”གི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཁྲོད། ཟངས་རི་རྫོང་གིས“འགྱིག་སྙིགས་བཀག་འགོག”གི་དྲིལ་བསྒྲགས་ཐེངས་10ལྷག་ཙམ་བྱས་པར་དྲིལ་བསྒྲགས་དཔྱད་ཡིག་2400ལྷག་ཙམ་དང་ཁོར་ཡུག་སྲུང་སྐྱོང་གི་ལྟོ་ཕད་2100ལྷག་ཙམ་སྤྲད་པ་རེད། ལྷོ་བྲག་རྫོང་གིས“ཁོར་ཡུག་སྲུང་སྐྱོང་ཁྱིམ་ཚང་ཁྲིར་དྲིལ་བསྒྲགས་བྱེད”པའི་དྲིལ་བསྒྲགས་བྱེད་སྒོ་ཐེངས་2892སྤེལ་རིང་དྲིལ་བསྒྲགས་དཔྱད་ཡིག་18655སྤྲད་པ་དང་། ཚགས་པར་དང་དུས་དེབ་དང་བརྙན་འཕྲིན་བཅས་སུ་དྲིལ་བསྒྲགས་ཐེངས་2དང་། འཁྱུག་དབྱིངས་དང་བརྙན་ཐུང་ནང་དྲིལ་བསྒྲགས་ཐེངས་179བྱས་པ། གྲོང་ཚོ་27སྒྲིག་འཛུགས་བྱས་ནས་སྐོར་སྐྱོད་དར་དམར་གྱི་དཔྱད་བསྡུར་ནང་ཞུགས་པ། གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ལ་མ་དངུལ་སྒོར་ཁྲི་7.3བཏང་བ་བཅས་བྱས་པ་རེད། མཚོ་སྨད་རྫོང་གིས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་མེ་ཏོག་དང་རྩི་ཤིང་སྲུང་སྐྱོང་དྲིལ་བསྒྲགས་བྱང་བུ་10བཟོས་པ་དང་། དྲིལ་བསྒྲགས་སྦྱར་ཡིག་20སྦྱར་བ། དྲིལ་བསྒྲགས་བྱེད་སྒོ་ཐེངས་3སྤེལ་བ་རེད། སྣ་དཀར་རྩེ་རྫོང་གིས་2020ལོར་དྲིལ་བསྒྲགས་ལག་དེབ་500ལྷག་ཙམ་སྤྲད་པ་དང་དྲིལ་བསྒྲགས་སྒྲོག་འགྲེལ་བྱེད་སྒོ་ཐེངས་30ལྷག་ཙམ་སྤེལ་བ་རེད།

ཕུགས་ཕན་ལམ་སྲོལ་བཙུགས་ནས་དག་ཐེར་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་པ།

ལྷོ་ཁ་གྲོང་ཁྱེར་གྱི་སྣོད་བཅུད་ཁོར་ཡུག་གི“ཆེན་པོ་དྲུག”གི་ཆེད་དོན་བཅོས་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཁོངས་མིའི་ཚན་པ་དང་མཉམ་དུ་ཞིབ་བཤེར་ཚོགས་ཆུང་2བཙུགས་ནས་ཟླ་9ཚེས་22ཉིན་ནས་ཚེས་29ཉིན་བར་རྫོང(ཆུས)12ལ་བསྐྱོད་དེ་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་དང་། “ཆེན་པོ་དྲུག”གི་ཆེད་དོན་བཅོས་སྒྲིག ཉེན་ཆེའི་ཟོག་རོ་དོ་དམ། འགྱིག་སྙིགས་བཀག་འགོག་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཤིང་། ལྷག་པའི་གནད་དོན་ལ་དམིགས་ཏེ་དག་ཐེར་བྱ་ཐབས་བཏོན་ནས་རྫོང(ཆུས)ལ་གང་མགྱོགས་དག་ཐེར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་འབྲེལ། གཟའ་འཁོར་རེའི་གཟའ་ཕུར་བུར་རྫོང(ཆུས)ཁག་ལ་སྣོད་བཅུད་ཁོར་ཡུག་གི“ཆེན་པོ་དྲུག”གི་ཆེད་དོན་བཅོས་སྒྲིག་འཕེལ་རིམ་གནས་ཚུལ་ལ་བཀོད་གཏོང་བྱས་པ་རེད།

བསྡོམས་རྩིས་བྱས་པར་གཞིགས་ན། སྣེ་གདོང་ཆུས་ཀྱིས་ཁོངས་གཏོགས་ཁུལ་གྱི་གད་སྙིགས་ཏུན་44ལྷག་ཙམ་གཙང་སེལ་བྱས་པ་དང་མཚམས་སྦྱོར་བརྡ་ཆ་ཆུང་གྲས་4000གཙང་སེལ་བྱས་པར་མི་ཐེངས་4000ཞུགས་པ། དུད་ཚང་གི་གསང་སྤྱོད་2817སྒྱུར་བཀོད་བཅས་བྱས་པ་རེད། གྲ་ནང་རྫོང་གིས“ཆུང་གྲས་བཅུ་ཞིང་དུད་དུ་སྤྲོད་པ”དང“3355”ཡི་ལས་ཀའི་བྱེད་ཐབས་དང་དེ་བཞིན“གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད”ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་མང་ཚོགས་གཙོ་གནད་ལས་རིགས(རྣམ་གྲངས)ཀྱི་བཙོག་ཟིང་ཞན་གསུམ་གྱི་བཅོས་སྒྲིག་ལས་དོན་ནང་ཞུགས་རྒྱུར་སྐུལ་སློང་བྱས་པ་དང་། ལྷ་ཉིང་ལྕགས་ལམ་གྱི་ལས་ཁུལ(སྤྱིལ་བུ)7ནས་3བཤིག་པ་དང་གད་སྙིགས་ཏུན་1228.15དང་། འདམ་རྫབ་ཏུན་300.5 ཆུ་ཡུར་གྱི་གད་སྙིགས་ཏུན་10 ལུད་ཏུན་238.22 འཕྲུལ་ཆས་རྙིང་ཧྲུལ་12 འཕྲོད་བསྟེན་གྱི་ཁུག་ཀྱོག་806བཅས་གཙང་སེལ་བྱས་པར་མི་ཐེངས་27409ཞུགས་པ་རེད།

(ཟླ་བ་ཚེ་རིང་གིས་བསྒྱུར་ཅིང་ཞུས)