《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月13日

ཀུ་ཤུར་བརྟེན་ནས་རི་གྲོང་ཕྱུག་པོར་གྱུར་པ།

2019ལོའི་ཟླ་10ཚེས་26ཉིན། ཁྲོན་བོད་ས་ཁུལ་གཉིས་ཀྱིས་མཉམ་དུ་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་དུ་བོད་ཀྱི་ཀུ་ཤུ་ཚད་ལྡན་ཅན་འདེབས་འཛུགས་ཀྱི་ཡུལ་དངོས་ཀྱི་དཔེ་སྟོན་ཚོགས་འདུ་དང་ལག་རྩལ་གསོ་སྦྱོང་ཚོགས་འདུ་འཚོགས་པ་རེད། ཀུ་ཤུ་ཚད་ལྡན་ཅན་འདེབས་འཛུགས་བྱས་པ་ལས་བོད་ཀྱི་ཀུ་ཤུ་ཐོན་སྐྱེད“རིམ་སྤོར”བྱས་པ་དང་འབྲེལ། ཞིང་པ་ཕྱུག་འགྱུར་ཡོང་བར་ལམ་བུ་གསར་པ་བཏོད་པ་རེད།

“ཀུ་ཤུ་འདེབས་འཛུགས་ཐོན་ལས་ཚད་ལྡན་ཅན་དུ་གྱུར་རྗེས་ང་ཚོའི་རྫོང་གི་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་ཕན་ཐོགས་ཆེན་པོ་ཡོད་ལ། ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་སྔར་བས་མང་དུ་ཕྱིན་པ་དང་། གཞན་ཡང་ཞིང་པས་འདེབས་འཛུགས་ཀྱི་ལག་རྩལ་གསར་པ་དང་འདུ་ཤེས་གསར་པ་སྦྱོངས་ཐུབ་པས་ཁོང་ཚོས་ཐོན་སྐྱེད་འཕེལ་རྒྱས་གཏོང་བར་འགན་ལེན་གཅིག་མང་དུ་སོང་ཡོད”ཅེས་སྨན་གླིང་རྫོང་གི་རྫོང་དཔོན་ཚེ་དབང་ཉི་མས་བརྗོད།

རང་ལྗོངས་ནི་ས་མཐོའི་ཀུ་ཤུའི་ལེགས་ཆ་ལྡན་པའི་ཐོན་ཁུལ་གྱི་གྲས་ཤིག་ཡིན་ཞིང་། ས་བབ་མཐོ་བ་དང་། སྨུག་ཕྱིའི་འོད་ཤུགས་ཆེ་བ། སྣོད་བཅུད་ཀྱི་རིགས་མང་བ་སོགས་མངོན་གསལ་དོད་པའི་ཁྱད་ཆོས་ལྡན་པས། དྲི་མ་ཞིམ་པ་དང་། སྤུས་ཀ་ལེགས་པའི་ཀུ་ཤུ་ལ་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད། དེ་དང་དུས་མཚུངས་ཀུ་ཤུའི་ཐོན་ལས་ཀྱི་ཕན་འབྲས་མཐོ་རུ་ཕྱིན་ནས་རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི“གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ”གྱི་འཐབ་ཇུས་ལག་བསྟར་བྱེད་པའི་དགོས་མཁོ་དང་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བའི་འབྱུང་ཁུངས་གཙོ་བོར་གྱུར་ཡོད་པ་རེད།

བོད་ཀྱི་ཀུ་ཤུའི་ཐོན་ཁུངས་འཚོལ་སྡུད་གདེང་འཇོག་དང་ཐོན་ལས་འགག་རྩའི་ལག་རྩལ་གསར་གཏོད་དང་དེ་བཞིན་བཀོལ་སྤྱོད་རྣམ་གྲངས་འགོ་འཛུགས་ལག་བསྟར་བྱས་ཚུན། དཀའ་ངལ་ཁག་ལ་དམིགས་ནས་དུས་ཡུན་ལོ་9ལྷག་ཙམ་རིང་ལག་རྩལ་གྱི་འཇུར་མིག་མང་པོ་ཚད་བརྒལ་བྱས་ཏེ་བོད་ཀྱི་ཤིང་འབྲས་ཐོན་ལས་ལག་རྩལ་གྱི་འཕོ་འགྱུར་དང་། ས་བོན་གསར་བརྗེ། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བཅས་ལ་སྐུལ་ཁྲིད་བྱས་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་རེད། མིག་སྔའི་བར་རིམ་རྩིས་བྱས་ན་ལྗོངས་ཕྱི་ནང་དུ་ཀུ་ཤུ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་129.6ལྷག་ཙམ་ཁྱབ་གདལ་བཏང་སྟེ་ཡོང་འབབ་སྒོར་དུང་ཕྱུར་37.29འཕར་བ་རེད།