《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月13日

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་པ།

ཟླ་11ཚེས་11ཉིན་གྱི་སྔ་དྲོ། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ལྷ་སར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད། འདི་ནི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་ཡུལ་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་11ཉིན་གནས་ཚུལ་འབྱོར་གསལ། ཚེས་11ཉིན་གྱི་སྔ་དྲོར། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ལྷ་སར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་ཀྲན་ཁྲེང་ཧྥུའུ་ཡིས་སྒྲོག་འགྲེལ་སྙན་ཞུ་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད། གསུང་བཤད་ཀྱང་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ནོར་བུ་དོན་གྲུབ་དང་། བསྟན་ཁོ། ཅང་ཅེ། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཁྲེན་ཡུང་ཆི་བཅས་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རྒན་གྲས་པ་སངས་ཚོགས་འདུར་ཞུགས་པ་རེད།

ཀྲན་ཁྲེང་ཧྥུའུ་ཡིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བའི《གྲོས་འགོར》དམིགས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དོན་སྙིང་གལ་ཆེན་ལ་གསལ་འགྲེལ་གཏིང་ཟབ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་རིང་ཐོབ་པའི་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལ་གསལ་འགྲེལ་གཏིང་ཟབ། ཏང་ཀྲུང་དབྱང་གིས་གཏན་འབེབས་གནང་བའི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་ཀྱི་འཐབ་ཇུས་བསམ་གཞིག་ལ་གསལ་འགྲེལ་གཏིང་ཟབ། 2035ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་ཕུགས་ཀྱི་དམིགས་ཚད་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛད་ཕྱོགས་རྩ་དོན་དང་། དམིགས་ཚད་གཙོ་བོ། ལས་འགན་གཙོ་བོ་བཅས་གསལ་འགྲེལ་གཏིང་ཟབ། ཚང་འཛོམས་གྲོས་ཚོགས་ཐོག་བཏོན་གནང་བའི་དགོངས་པ་གལ་ཆེན་གསར་པ་དང་། ཆོད་གཏམ་གལ་ཆེན་གསར་པ། བྱེད་ཐབས་གལ་ཆེན་གསར་པ་བཅས་རབ་དང་རིམ་པར་གསལ་འགྲེལ་གཏིང་ཟབ། བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱེད་པར་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་པ་གསལ་འགྲེལ་གཏིང་ཟབ་བཅས་གནང་བ་རེད།

ཝུའུ་དབྱིང་ཅེས། བློ་མཐུན་ཀྲན་ཁྲེང་ཧྥུའུ་ཡིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཏིང་ཟབ་ལ་གོ་བདེ་བའི་ངང་རྒྱས་བཤད་དང་གསལ་འགྲེལ་གནང་ཡོད། སྒྲོག་འགྲེལ་གྱི་བརྗོད་དོན་གཙོ་བོ་ཁ་གསལ་ལ་ནང་དོན་ཕུན་སུམ་ཚོགས་པ་དང་། ཆབ་སྲིད་ཀྱི་མཐོ་ཚད་མཐོ་ལ་རིགས་པའི་གཞུང་ལུགས་གཏིང་ཟབ་པས། གནད་སྨིན་ཟུར་ཁྲིད་ཐེངས་ཤིག་ཡིན་ལ་གསོན་ཉམས་དོད་པའི་ཏང་གི་སློབ་ཚན་ཞིག་ཀྱང་ཡིན་པས། ང་ཚོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱི་ནང་དོན་ཕུན་སུམ་ཚོགས་པོ་དང་དགོངས་དོན་གྱི་ངོ་བོར་གོ་བ་ཡང་དག་ལེན་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།

ཝུའུ་དབྱིང་ཅེས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་བྱེད་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། དེར་བརྟེན་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་གཅིག་ནས་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་གྱི་ལས་དོན་རྒྱ་ཁྱབ་གཏིང་ཟབ་ངང་སྤེལ་དགོས་ཤིང་། ཏང་ཡོན་ལས་བྱེད་པ་དང་། གཞི་རིམ་མང་ཚོགས། དགོན་སྡེའི་གྲྭ་བཙུན། གཞོན་ནུ་ལོ་ཆུང་སློབ་མ་སོགས་ཚོགས་སྤྱི་མི་འདྲ་བར་དམིགས་ནས། དྲིལ་བསྒྲགས་དང་སྒྲོག་འགྲེལ་གྱི་གནད་བསྡུས་བཟོ་བ་དང་། དམིགས་ས་ཡོད་པའི་སྒོ་ནས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱི་ལྟེ་བའི་ནང་དོན་གསལ་པོ་ཤོད་པ། བོད་ཀྱིས་ཡུན་རིང་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་དུས་ཡུན་རིང་པོར་སྒྲུབ་བསམས་ཀྱང་སྒྲུབ་མི་ཐུབ་པའི་བྱ་བ་ཆེན་པོ་མང་པོ་བསྒྲུབས་ནས། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་གསལ་པོ་ཤོད་དགོས། གྲུབ་འབྲས་དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་བརྟེན་ནས་ཐོབ་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་བརྟེན་ནས་ཐོབ་ཡོད། མང་ཚོགས་ཉེ་འགྲམ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་གི་དཔེ་མཚོན་ལ་བརྟེན་ནས།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཁས་མཛངས་ལྡན་ཞིང་རླབས་ཆེ་བ་ཡིན་པ་དྲིལ་བསྒྲགས་ཤུགས་ཆེན་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཚོས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དངོས་སུ་ཚོར་དུ་བཅུག་ནས། ཏང་དང་རྒྱལ་ཁབ་ལ་བློ་ཁ་ཕྱོགས་ཤུགས་དང་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་དགོས།

གཉིས་ནས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱེད་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་རྒྱུན་འཛིན་དང་གསར་གཏོད་དང་། སྲིད་གཞུང་དང་ཁྲོམ་ར། སྒོ་དབྱེ་དང་རང་བརྟེན། འཕེལ་རྒྱས་དང་བདེ་འཇགས། འཐབ་ཇུས་དང་འཐབ་རྩལ་བཅས་ཀྱི“འབྲེལ་བ་ཆེན་པོ་ལྔ”ཐག་གཅོད་ཡང་དག་བྱས་ནས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་བསྐྱོད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པ་བཅས་ཀྱི་འཐབ་ཇུས་ཀྱི་བསམ་གཞིག་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། ཚུགས་གནས་མཐོ་བ་དང་། ཇུས་འགོད་གཏིང་ཟབ་པ། འཆར་འགོད་ཕུགས་ལ་དམིགས་པ། དམིགས་ཚད་ཏན་ཏིག་བཅས་ཀྱི་བླང་བྱར་གཞིགས་པ། རང་རྟོགས་ངང་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་ཇུས་འགོད་བྱེད་པ། བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་བབས་ས་བཅས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཚང་མར་ཁྱབ་པ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་བོད་ལ་དཀྲིས་པའི་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ལག་བསྟར་ཡག་པོ་བྱེད་དགོས། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་ཐབས་ཇུས་དམངས་ལ་འདྲི་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། ཕྱོགས་གང་རུང་དང་རྣམ་པ་གང་རུང་གི་ཐོག་ནས་ཐབས་འདོན་ཇུས་འབུལ་བྱེད་པར་སྐུལ་ལྕག་དང་། གཞི་རིམ་གྱི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱི་ཧུར་སེམས་དང་གསར་གཏོད་བྱེད་སེམས་ཆེ་རུ་འགྲོ་རྒྱུར་མཐོང་ཆེན། ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་རྒྱ་ཁྱབ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བཅས་བྱས་ཏེ། དངོས་སྒྲུབ་གོ་ཆོད་ཀྱི་བརྟག་ཞིབ་གྲུབ་འབྲས་ཁག་གཅིག་ཐོན་པར་བྱས་ནས་ལྗོངས་ཏང་ཨུད་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་གྲོས་འགོ་ཚན་རིག་དང་མཐུན་པའི་སྒོ་ནས་ཡག་པོ་བཟོ་དགོས།

གསུམ་ནས་རྒྱལ་ཁབ་ཀྱི་དོན་ཆེན་ལ་གདེང་ཚོད་ཡོད་པ་བྱས་ཏེ་བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་ཤིང་། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་དང་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ལྷོད་གཡེང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱེད་པ། རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནས་ཚུལ་ཚབས་ཆེ་མི་ལྷགས་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ་བཅས་མུ་མཐུད་མཐའ་འཁྱོངས་བྱེད་པ། ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་པ་བཅས་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་གི་བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་མཐོར་གཏོང་དང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད། གྲོང་གསེབ་དར་རྒྱས་སོགས་ཀྱི་གཙོ་གནད་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། དམངས་འཚོ་སྔར་བས་ལེགས་སུ་བཏང་ནས་མི་སེམས་གཅིག་སྒྲིལ་ཡོང་བ་བཅས་བྱས་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། འདུ་ཤེས་འཛིན་སྟངས་ལས་དོན་དེ་གལ་ཆེའི་ནང་གི་འགངས་ཆེར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ལ་བསམ་བློའི་གནད་དོན་ཡང་ཐག་གཅོད་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཚོའི“མོས་སེམས་ལྔ”ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། མཐུན་སྒྲིལ་འབད་འཐབ་བྱེད་པའི་མི་རིགས་ཁག་གི་མང་ཚོགས་ཚོའི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་བྱས་ནས་སྲུང་སྐྱོང་ཧུར་ཐག་དང་བྱས་རྗེས་འཇོག་པ་དང་། ས་མཐོའི་རྩྭ་རྩི་ཤིང་དང་སྲོག་ཆགས་དང་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཡག་པོ་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་གང་མགྱོགས་འཛུགས་སྐྲུན་བྱེད་དགོས། མཐའ་མཚམས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བྱེད་པའི་གཙོ་རྐང་ལ་དམིགས་ནས། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཧུར་ཐག་བཏང་སྟེ། མང་ཚོགས་དེ་བས་མང་བ་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཧུར་ཐག་བྱེད་རྒྱུར་ལྕག་སྐུལ་བྱེད་དགོས། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པ་རང་ལྗོངས་སུ་བཅའ་སྡོད་བྱས་ནས་སྐོར་གཟིགས་ལས་དོན་སྤེལ་བ་དེ་སྒུལ་ཤུགས་དང་གོ་སྐབས་སུ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་སྔར་བས་དོན་འཁྱོལ་བྱེད་པ། “བརྟན་པོ་འཛུགས་པ་གསུམ”མཐའ་འཁྱོངས་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས། གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་100%ཏང་ཡོན་ཡིན་པའི་ལེགས་ཆ་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། ཞིང་འབྲོག་ཁུལ་གྱི་ཏང་རྩ་འཛུགས་དེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་སྲུང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟམ་སྣེའི་བཙན་རྫོང་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག མང་ཚོགས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་བཅས་ཆགས་པར་བྱེད་དགོས།

བཞི་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་ལས་དོན་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཤིང་། རིམ་པ་ཁག་དང་སྡེ་ཚན་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱིས་འགོ་ཁྲིད་ཀྱི་འགན་འཁྲི་ཏན་ཏིག་ཁུར་ནས་བཀོད་སྒྲིག་ཞིབ་ཅིང་ཕྲ་བ་བྱེད་དགོས། རིམ་ཁག་རྩ་འཛུགས་སྡེ་ཚན་དང་ཏང་གི་སློབ་གྲྭས(སྲིད་འཛིན་སློབ་གླིང)ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་དང་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ། དུས་ཐེངས་དང་ཁག་དབྱེ་ནས་ཏང་ཡོན་ལས་བྱེད་པར་གསོ་སྦྱོང་ཐེངས་རེ་བྱེད་དགོས། རིམ་ཁག་དྲིལ་བསྒྲགས་སྡེ་ཚན་གྱིས“ཁྱིམ་ཚང་ཚང་མས་ཤེས་པ་དང་མི་ཚང་མས་ཤེས་པའི”སྤྱིའི་བླང་བྱ་ལྟར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དྲིལ་བསྒྲགས་དང་སྒྲོག་འགྲེལ་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་གྱི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱེད་དགོས།

མིག་སྔའི་ལས་དོན་ཁག་ཡག་པོ་སྒྲུབ་པའི་ཐད་ཝུའུ་དབྱིང་ཅེས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བརྟན་ལྷིང་སྲུང་སྐྱོང་དེ་ལས་འགན་ཨང་དང་པོར་བརྩི་བ་དང་གཏན་འཁེལ་ཟིན་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ནགས་ཚལ་མེ་ཟོན་དང་། རིག་དངོས་མེ་ཟོན་བདེ་འཇགས། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དང་ལོ་འགོའི་དམིགས་ཚད་ལས་འགན་དང་ཡང་ཡང་བསྡུར་ནས། ཞན་ཆའི་ལྷུ་ཚིགས་ལ་དམིགས་ནས་སྐྱོན་ཆ་སེལ་བ་དང་། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། ལས་ཀའི་འཕེལ་རིམ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་དམིགས་ཚད་ལས་འགན་ཁག་ཕུན་སུམ་ཚོགས་པོས་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས། ལོ་མཇུག་དང་ལོ་འགོའི་དམངས་འཚོའི་ལས་དོན་སེམས་ནུས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ། གླ་ཆ་འགྱངས་ཆད་དང་ལྷག་དོན་དུ་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཐད་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱེད་པ་དང་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྒྲིག་འཛུགས་ཡག་པོ་བྱས་ནས་ཏང་གི་ཐུགས་ཁུར་དང་གཟིགས་སྐྱོང་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་ཏན་ཏིག་ཚོར་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

(རིག་འཛིན་རྡོ་རྗེ་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)