《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月13日

སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱང་སྐྱོད་ལམ་བུ་གསར་པར་ འབད་འབུངས་མདུན་སྐྱོད་བྱེད།

—— ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ལྷ་སར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པའི་སྐོར་གྱི་ཟུར་བྲིས།

ཟླ་11ཚེས་11ཉིན། དགུན་སྟོད་ཀྱི་ལྷ་སར་གནམ་གཤིས་གྲང་ཤུར་ཤུར་ཡོད་རུང་། བོད་ལྗོངས་མི་དམངས་ཚོགས་ཁང་དུ་མི་ཚོགས་ཀྱིས་ཁེངས་ནས་ཚ་སོབ་སོབ་ཡོད་ཅིང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འདི་གར་འཚོགས་པ་རེད། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་ཀྲན་ཁྲེང་ཧྥུའུ་ཡིས་རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིར་ངར་ཤུགས་སློང་བ་དང་མི་སེམས་ལ་སྐུལ་མ་ཐེབས་པའི་སྒྲོག་འགྲེལ་སྙན་ཞུ་གནང་བ་རེད།

ཀྲན་ཁྲེང་ཧྥུའུ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《གྲོས་འགོར》དམིགས་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རང་རྒྱལ་གྱི་སྒྱུར་བཅོས་འཕེལ་རྒྱས་ལ་ཇུས་འགོད་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་རབ་དང་རིམ་པར་དམ་པོར་དམིགས་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་གི་རྒྱལ་ཁབ་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བའི་རླབས་ཆེན་གྱི་ལོ་རྒྱུས་ལམ་བུ་དང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱ་ཡུལ་དུ་གྱུར་པའི་རླབས་ཆེན་གྱི་གྲུབ་འབྲས་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དོན་སྙིང་གལ་ཆེན་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་ཐོབ་པའི་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས། ཏང་ཀྲུང་དབྱང་གིས་བཟོས་པའི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་ཀྱི་འཐབ་ཇུས་བསམ་གཞིག 2035ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕུགས་ཀྱི་དམིགས་ཚད་སྤྱིར་ན་མངོན་འགྱུར་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛད་ཕྱོགས་རྩ་དོན་དང་། དམིགས་ཚད་གཙོ་བོ། གཙོ་གནད་ལས་འགན། ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་དགོངས་པ་གལ་ཆེན་དང་། རྣམ་བཤད་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་གསར་པ་རབ་དང་རིམ་པ། བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱེད་པར་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་བཅས་ལ་འཆད་འགྲེལ་གཏིང་ཟབ་གནང་བ་རེད།

བོད་ལྗོངས་སློབ་ཆེན་མར་ཁེ་སིའི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཁང་ཡུས་ཧོན་གྱིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་ཐེངས་ལྔ་པ་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་འདྲེས་མཚམས་སུ་འཚོགས་པ་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཐོག“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་གྲུབ་འབྲས་གལ་ཆེན་ལ་ཕྱོགས་སྡོམ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་ལ་སྤྱི་འདོམས་བསམ་གཞིག ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མདུན་སྐྱོད་འགྲོ་ལམ་གྱི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བར་སྐུལ་སློང་དང་སྐུལ་ལྕག་བཅས་བྱས་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་བར་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད་ཅེས་བརྗོད་པ་རེད།

རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་ཧྲི་ཁྲེང་ཧྭ་ཡིས། བོད་ཀྱི་ཚོང་དོན་ཁོངས་གཏོགས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཚོགས་འདུའི་དགོངས་དོན་ཁྲིད་སྟོན་དུ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། སྤུས་ཚད་ལེགས་པའི་འཕེལ་རྒྱས་ཀྱི་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱེད་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་བཀོད་ཇུས་ཆེན་པོར་མཉམ་འདྲེས་གཏིང་ཟབ་བྱེད་པ། ཚོང་དོན་འཁོར་རྒྱུག་གི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། འཛད་སྤྱོད་ཀྱི་ཡར་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ནང་མཁོ་རྒྱ་ཆེར་གཏོང་བ། དེ་བས་གསོན་ཤུགས་ལྡན་པའི་འཛད་སྤྱོད་ཁྲོམ་ར་སྐྲུན་པ་བཅས་བྱས་ནས། འཛད་རྫས་ཀྱི་སྤུས་ཚད་ལེགས་སུ་གཏོང་བར་སྐུལ་འདེད་ཀྱིས་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཕྱི་ཕྱོགས་ཚོང་དོན་གྱི་ལས་རྣམ་གསར་པ་དང་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་སྐྱེད་སྲིང་བྱེད་དགོས། སྒོ་དབྱེའི་ལས་སྟེགས་སྔར་བས་ལེགས་སུ་གཏོང་བ་དང་ཕྱི་ནང་གི་སྒོ་དབྱེའི་ཆུ་ཚད་མཐོ་རུ་བཏང་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བརྗོད་པ་རེད།

རང་སྐྱོང་ལྗོངས་རིག་གནས་ཐིང་ཆབ་སྲིད་ལས་དོན་མི་དོན་ཁྲུའི་ཁྲུའུ་ཀྲང་གཞོན་པ་རེན་ཡ་ཅུན་གྱིས། རིག་གནས་ཀྱི་ལས་དོན་པ་ཞིག་གི་ངོས་ནས། སླད་ཕྱིན་གྱི་ལས་དོན་སྒྲུབ་རིང་ངེས་པར་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། རིག་གནས་ཀྱི་གདེང་ཚོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་སྣ་གསོ་སྐྱོང་། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་ལ་དམིགས་པ། རིག་གནས་ལ་བརྟེན་ནས་མི་སེམས་ལ་སློབ་གསོ་གཏོང་བ་དང་རིག་གནས་ལ་བརྟེན་ནས་མི་སྣ་སྐྱོང་བའི་མངོན་གསལ་དོད་པའི་ནུས་པ་གང་ལེགས་འདོན་པ། རིག་གནས་དང་། སྒྱུར་བཅོས། འཕེལ་རྒྱས་བཅས་ཀྱི་ལས་འགན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ། རྒྱ་ཆེའི་མང་ཚོགས་ཚོས་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

སྒྲོག་འགྲེལ་སྙན་ཞུ་ཉན་རྗེས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མ་བསྟན་པ་ཚེ་རིང་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས་ལང་ཚོ་ཆུད་ཟོས་སུ་མི་གཏོང་བ་དང་འཇོན་ཐང་ཆེ་རུ་བཏང་སྟེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

(མཚམས་གཅོད་ཀྱིས་བསྒྱུར། པ་ཚེས་ཞུས)