《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月12日

རང་ལྗོངས་ཀྱི“ལུས་རྩལ་རྣམ་གྲངས་སློབ་གྲྭར་ སྤེལ་བའི”བྱེད་སྒོ་སྤེལ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་10ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པའི་2020ལོའི་བོད་རང་སྐྱོང་ལྗོངས་ཀྱི“ལུས་རྩལ་རྣམ་གྲངས་སློབ་གྲྭར་སྤེལ་བའི”བྱེད་སྒོའི་འགོ་ཚུགས་མཛད་སྒོ་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་ཁུལ་རྙིང་པར་འཚོགས་པ་ལས། རང་ལྗོངས་ཀྱི“ལུས་རྩལ་རྣམ་གྲངས་སློབ་གྲྭར་སྤེལ་བའི”རིམ་སྤེལ་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་ཡོད།

ད་རེས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་བྱེད་སྒོ་སྤེལ་བའི་དུས་ཡུན་ཉིན་4ཡིན་པ་དེར་ཉི་འོད་ཞབས་བྲོ་དང་ལག་རྩེད་སྤོ་ལོ་ཆུང་གྲས་ཀྱི་རྣམ་གྲངས་གཉིས་ཡོད་པར་མི་500ཙམ་ཞུགས་ཡོད་པ་རེད། རྒྱལ་ཁབ་རིམ་པའི་ཞབས་བྲོའི་རྩལ་ཁྲིད་པ་ཚེ་རིང་སྐྱིད་དང་ལག་རྩེད་སྤོ་ལོའི་ཕུལ་བྱུང་རྩལ་ཁྲིད་པ་བསྟན་འཛིན་ནོར་བུས་སློབ་མ་སྒྲིག་འཛུགས་བྱས་ནས་ཞབས་བྲོ་དང་ལག་རྩེད་སྤོ་ལོ་གསོ་སྦྱོང་བྱས་པ་རེད། སློབ་གྲྭ་དེའི་ལོ་རིམ་གསུམ་པའི་སློབ་མ་ཀོ་ཧའོ་རན་གྱིས་ཉི་འོད་ཞབས་བྲོའི་རྣམ་གྲངས་ལ་མིང་ཐོ་བཀོད་ཅིང་། ཁོང་གིས“ང་ཞབས་བྲོར་དགའ་པོ་ཡོད། སྦྱོང་ཚན་བྲིས་ཚར་རྗེས་རྟག་ཏུ་ཁྱིམ་གྱི་ཉེ་འགྲམ་དུ་ཞབས་བྲོ་འཁྲབ་པ་དང་རྒྱུག་ཤར་གློད་པར་འགྲོ་ཡི་ཡོད། གཟུགས་པོར་སྦྱོང་བརྡར་བྱས་ན་གཟུགས་གཞི་ཐང་དུ་འགྲོ་ལ་སེམས་པ་ཡང་སྐྱིད་དུ་འགྲོ་ཐུབ”ཅེས་གསར་འགོད་པར་བཤད་བྱུང་།

ལྗོངས་ལུས་རྩལ་ཅུས་རྩལ་འགྲན་ལུས་རྩལ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ངག་དབང་སྐལ་དོན་གྱིས“ལུས་རྩལ་རྣམ་གྲངས་སློབ་གྲྭར་སྤེལ་བའི”རིམ་སྤེལ་བྱེད་སྒོ་ནི་རྒྱལ་ཁབ་ཀྱིས“ལུས་རྩལ་དང་སློབ་གསོ་མཉམ་འདྲེས”ཀྱི་འབྲེལ་ཡོད་བསམ་འཆར་དངོས་སུ་བཏོན་པའི་རྒྱབ་ལྗོངས་ཆེན་པོའི་འོག་བོད་ཀྱི་ཁྱད་ཆོས་ལྡན་པའི་བྱེད་སྒོ་ཞིག་རེད། དེའི་དམིགས་ཡུལ་ནི་ཆེད་ལས་ལྷག་པར་ལྡན་པའི་གཞོན་ནུ་ལོ་ཆུང་གི་ལུས་རྩལ་བྱེད་སྒོ་སློབ་གྲྭར་སྤེལ་ནས་གཞོན་ནུ་ལོ་ཆུང་གིས་ལུས་རྩལ་རྩལ་ནུས་ཁོང་དུ་ཆུད་པར་བྱེད་པ་རེད་ཅེས་ངོ་སྤྲོད་བྱས།