《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月11日

ཅང་ཅེ་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུར་ཞུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་9ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་རྩ་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཅང་ཅེས་ལྗོངས་ཡོངས་ཀྱི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་རྩ་བཅོས་ལས་དོན་གྱི་བརྙན་ལམ་ཚོགས་འདུ་གཙོ་སྐྱོང་གནང་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། དེ་བཞིན་གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བཅོས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་པ་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མིག་སྔའི་དུས་བབ་ལ་དབྱེ་ཞིབ་དང་2020ལོའི་གླ་ཆ་འགྱངས་ཆད་རྩ་བཅོས་ལས་དོན་གྱི་དགུན་དུས་ཀྱི་འགག་སྒྲོལ་བྱ་སྤྱོད་བཀོད་སྒྲིག་གནང་བ་རེད།

ཅང་ཅེས་གླ་ཆ་འགྱངས་ཆད་རྩ་བཅོས་བྱེད་པ་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་དང“སྲུང་སྐྱོང་གཉིས”དངོས་འབྲེལ་ཐུབ་པའི་མངོན་ཚུལ་གལ་ཆེན་ཞིག་རེད། ལས་དོན་འདིར་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐོང་ཆེན་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་མཆན་བཀོད་མཛུབ་སྟོན་ཐེངས་མང་གནང་བ་མ་ཟད། ད་དུང་བླང་བྱ་གསལ་པོ་བཏོན་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཕྱོགས་བསྡུས་ཇུས་བསྟར་དང་ཕྱོགས་ཡོངས་ནས་ཤུགས་བརྒྱབ་པར་བརྟེན་གླ་ཆ་འགྱངས་ཆད་རྩ་བཅོས་ཀྱི་ལས་དོན་ལ་གྲུབ་འབྲས་གལ་ཆེན་ཐོབ་ནས་བྱ་ཐབས་དང་ཉམས་མྱོང་བཟང་པོ་ཁག་གཅིག་བསགས་ཡོད། མིག་སྔའི་བར། གླ་ཆ་འགྱངས་ཆད་ཀྱི་དབང་གིས་ཚོགས་སྤྱི་རང་བཞིན་གྱི་དོན་རྐྱེན་དང་དོན་རྐྱེན་ཚབས་ཆེན་ཐོན་མེད་པ་དང་། ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་ནུས་ལྡན་ངང་སྲུང་སྐྱོང་ཐུབ་སྟེ་ལྗོངས་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།

ཅང་ཅེས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་དམིགས་ཚད་དང་ལས་འགན་ཁ་གསལ་བཟོ་བ་དང་། གླ་ཆ་འགྱངས་ཆད་བཅོས་སྐྱོང་ཡག་པོ་བྱེད་པའི་ལས་དོན་གྱི་རྣམ་པ་བཟང་པོ་མུ་མཐུད་རྒྱུན་འཁྱོངས། བསྐྱར་ལོག་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ། ཚོགས་སྤྱི་རང་བཞིན་གྱི་དོན་རྐྱེན་མཐའ་གཅིག་ཏུ་མི་ཐོན་པ། གྱོད་གཞི་ཚབས་ཆེན་གཏན་ནས་མ་ཐོན་པ་བཅས་བྱེད་དགོས། འགན་འཁྲི་ནན་དུ་གཏོང་བ་དང་མཐུན་སྦྱོར་གཞོགས་འདེགས་ཤུགས་ཆེར་བཏང་སྟེ་གླ་ཆ་འགྱངས་ཆད་རྩ་བཅོས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་དགོས། ལམ་ལུགས་ནས་གླ་ཆ་འགྱངས་ཆད་རྩ་བཅོས་མཐའ་འཁྱོངས་དང་། གླ་ཆ་འགྱངས་ཆད་ཀྱི་འཕྲལ་སྡོམ་གྱི་འཁོར་རྒྱུག་མ་དངུལ་དང་ཞིང་པ་ལས་མིའི་གླ་ཆ་འགན་ལེན་དངུལ་གྱི་ལམ་ལུགས་དོན་འཁྱོལ་བྱས་ཏེ། ཞིང་པ་ལས་མིའི་མིང་ངོ་མ་འགོད་པའི་ལམ་ལུགས་དང་། ལས་མིའི་གླ་ཆའི་ཆེད་སྤྱོད་རྩིས་ཁྲ་དོ་དམ་དང་གླ་ཆ་དངུལ་ཁང་གིས་ཚབ་སྤྲོད་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་དགོས། ནན་ལ་གཟིགས་སྐྱོང་སྲིད་ཇུས་མཐའ་འཁྱོངས་དང་། ཆད་གཅོད་བསླབ་འདོམས་བྱེད་ཤུགས་ཆེར་གཏོང་། དཔེ་མཚོན་གྱོད་དཔེར་དམ་འཛིན་ནན་ཏན་བཅས་བྱས་ཏེ་གླ་ཆ་འགྱངས་ཆད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཟིལ་གྱིས་གནོན་དགོས། གླ་ཆ་འགྱངས་ཆད་རྩ་བཅོས་ལས་དོན་གྱི་དགུན་དུས་འགག་སྒྲོལ་དུས་སུ། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། རྒྱུན་གཏན་གྱི་ལྟ་ཞིབ་ཁྲིམས་འཛིན་ཤུགས་ཆེར་གཏོང་བ། ཕྱོགས་ཡོངས་ནས་ལེབ་བཤེར། གླ་ཆ་འགྱངས་ཆད་གྱོད་གཞིར་འགུལ་རྣམ་ཐག་གཅོད་དང་གྱོད་གཞི་གཅིག་ཀྱང་མི་ལྷག་པ་བཅས་བྱས་ནས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་ཡག་པོ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)