《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月09日

ཧེ་ལུང་ཅང་ཞིང་ཆེན་གྱི་འཐུས་མི་ཚོགས་པས་བོད་དུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་རྟོག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་7ཉིན་གནས་ཚུལ་འབྱོར་གསལ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཚེས་5དང་6ཉིན། ཧེ་ལུང་ཅང་ཞིང་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཁྲེན་ཧའེ་པོ་ཡིས་ཧེ་ལུང་ཅང་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་གཞིས་རྩེ་གྲོང་ཁྱེར་དུ་ཕེབས་ནས་ས་གནས་ས་ཐོག་ཏུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བ་དང་། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་གཟིགས་པ་མ་ཟད། ཧེ་ལུང་ཅང་དང་གཞིས་རྩེའི་ཁ་གཏད་རོགས་སྐྱོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང“ལོ་ལྔ་ཚན་བཅུ་བཞི་པའི”བོད་སྐྱོར་འཆར་འགོད་དང་འབྲེལ་མཐུད་བྱས་ཏེ་ཐུན་མོང་ཐོག་བོད་སྐྱོར་གྱི་ཇུས་ཆེན་ལ་གྲོས་བསྡུར་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཡན་ཆིང་གིས་རྟོག་ཞིབ་ཏུ་ཕེབས་རོགས་ཞུས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

ཁྲེན་ཧའེ་པོས་གཞིས་རྩེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་བོད་ལྗོངས་གཞིས་རྩེར་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་ཧེ་ལུང་ཅང་ལ་གནང་བའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་རེད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) བོད་དུ་བཞུགས་རིང་། འཐུས་མི་ཚོགས་པ་དང་བཅས་པས་རོགས་སྐྱོར་བྱ་ཡུལ་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་དང་། མེས་རྒྱལ། མི་དམངས་བཅས་ལ་ཆབ་སྲིད་ཐད་ལྷག་བསམ་རྣམ་དག་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་སྔར་བས་བརྟན་དུ་སོང་བར་མྱོང་ཚོར་ཟབ་མོ་བྱུང་། ཁ་ཕྱོགས་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་གཞིགས་ཏེ་ཧེ་ལུང་ཅང་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཆབ་སྲིད་ཀྱི་མཐོ་ཚད་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཁ་གཏད་རོགས་སྐྱོར་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་། ཧེ་ལུང་ཅང་ཞིང་ཆེན་གྱི་བསྡུར་གཞི་ཡོད་པའི་ལེགས་ཆར་གཞི་བཙུགས་ཏེ་ཁ་གཏད་རོགས་སྐྱོར་གྱི་ལས་འགན་གནད་སྨིན་དོན་འཁྱོལ་བྱེད་པ། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱུན་མཐུད་ཟབ་ཏུ་གཏོང་བ། “ལོ་ལྔ་ཚན་བཅུ་བཞི་པའི”བོད་སྐྱོར་འཆར་འགོད་བཟོ་བ། བོད་སྐྱོར་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན། སྤུས་ཚད་ལེགས་པོས་ཁ་གཏད་བོད་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་ལྗོངས་མི་དམངས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།

ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ་ཧེ་ལུང་ཅང་ཞིང་ཆེན་གྱིས་བོད་ལ་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པར་རོགས་སྐྱོར་ཡུན་རིང་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་བོད་སྐྱོར་ལས་དོན་སྤེལ་ཚུན། སྐབས་རིམ་བྱུང་གི་ཧེ་ལུང་ཅང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱས་ཏེ། ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་ལེགས་འདེམས་ཧྲག་སྒྲུག་དང་། ཕྱོགས་ཡོངས་དང་། ཁྱབ་ཁོངས་ཡངས་པ། རིམ་པ་མང་བ་བཅས་ཀྱིས་བོད་སྐྱོར་ལས་དོན་ལ་སྐུལ་འདེད་བཏང་བས་རྨང་གཞི་བརྟན་དུ་སོང་བ་དང་ཕུགས་ལ་ཕན་པ་མ་ཟད། མི་སེམས་ལའང་དྲོ་སྐྱིད་སྦྱིན་པའི་བྱ་བ་དངོས་དང་བྱ་བཟང་མང་པོ་ཞིག་བསྒྲུབས་པ་དང་། ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་བཟང་པོ་ཐོབ་ནས་གཞིས་རྩེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཏེ། བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།

བོད་དུ་བཞུགས་རིང་། འཐུས་མི་ཚོགས་པ་དང་བཅས་པས་ཧེ་ལུང་ཅང་གི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་དང་། སློབ་གསོའི་བོད་སྐྱོར། ཐོན་ལས་རྣམ་གྲངས་འཛུགས་སྐྲུན་དང་བེད་སྤྱོད་བཅས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་གཞིས་རྩེ་གྲོང་ཁྱེར་གྱི་དམངས་ཡོངས་ལུས་སྦྱོང་ལྟེ་གནས་ཀྱི་རྩིག་རྨང་འདིང་བའི་མཛད་སྒོར་ཞུགས་པ་མ་ཟད། བཞད་མཐོང་སྨོན་རྫོང་ཤར་ཐང་གྲོང་ཚོར་སྨན་བཅོས་བོད་སྐྱོར་བྱས་པ་བརྒྱུད་དྲག་སྐྱེད་བྱུང་བའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་གཟིགས་པ་དང་འཚམས་འདྲི་གནང་བ་རེད།