《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月09日

སྤྱིར་བཏང་མ་ཡིན་པའི་འཐབ་འཛིང་ཞིག

1959ལོར། བོད་བྱང་ཐང་དུ་མི་དམངས་བཅིངས་འགྲོལ་དམག་དང་བོད་རིགས་ཀྱི་འབྲོག་པས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ངོ་ལོག་ཟིང་འཁྲུག་སློང་མཁན་མཉམ་དུ་རྩ་མེད་བཏང་བའི་གཏམ་རྒྱུད་ཅིག་བྱུང་ཡོད། བོད་ཀྱི་གོང་རིམ་ལོག་སྤྱོད་ཚོགས་པ་ཞིག་གིས་ཁྱོན་ཡོངས་ཀྱི་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་རྗེས་མི་དམངས་བཅིངས་འགྲོལ་དམག་བཀའ་ལྟར་ཞོད་འཇགས་གཏོང་བར་བསྐྱོད། ཟླ་4པའི་ཉིན་ཞིག་ལ་མི་དམངས་བཅིངས་འགྲོལ་དམག་པུའུ་ཞིག་གི་རྟ་དམག་ལེན་ཤོག་ཅིག་གིས་ངོ་ལོག་ཟིང་འཁྲུག་སློང་མཁན་འདེད་བཅོམ་བྱ་ཆེད། ཉིན་མཚན་དབྱེར་མེད་དུ་བོད་བྱང་ཐང་གི་ཕུ་རུ་བསྐྱོད། དེ་གར་དྲག་ཆར་བབས་ཤིང་དྲག་རླུང་འཚུབ་པ་དང་། སྐབས་རེ་སེར་བ་བབས་པ་མ་ཟད། གསོ་རླུང་འདུས་ཚད་ཀྱང་ཧ་ཅང་ཉུང་ཉུང་ཡིན་གློ་བུར་དུ་ཁོང་ཚོའི་མདུན་ནས་འོད་ཆེམ་ཆེམ་གྱི་གློག་སྒྲོན་ཞིག་འཚེར་བ་དང་གློག་སྒྲོན་གྱི་མདུན་ནས་མི་ཁ་ཤས་ཀྱི་གྲིབ་གཟུགས་མངོན། “མི་དེ་ཚོ་དགྲ་བོ་ཡིན་ཤས་ཆེ”ལེན་ཀྲང་ལི་ཧྥ་ཙའེ་ཡིས་འཕྲལ་མར་དཔུང་སྡེར་བཀའ་བཏང་ནས་འཐབ་འཛིང་གི་གྲ་སྒྲིག་བྱེད་དུ་བཅུག འཐབ་འཛིང་པ་ཚོས་ལག་ཏུ་མེ་མདའ་ཁྱེར་ནས་གྲིབ་གཟུགས་ཡོད་སར་དལ་བུར་ཕྱིན། གྲིབ་གཟུགས་དེ་ཚོའི་འགྲམ་དུ་སླེབས་སྐབས་ཕྱུ་པ་རྩབ་རལ་གྱོན་པའི་བོད་རིགས་འབྲོག་པ་ཁ་ཤས་མཐོང་། འབྲོག་པ་ཚོས་བཅིངས་འགྲོལ་དམག་མི་མཐོང་མ་ཐག་དགའ་ཚོར་ཆེན་པོས“བཅིངས་འགྲོལ་དམག་མི་བཟང”“མའོ་ཀྲུའུ་ཞི་ཧ་ཅང་ཡག་པོ་ཞེ་དྲག་འདུག”ཅེས་བརྗོད་ཀྱིན་དུ་འཐབ་འཛིང་པ་ཚོའི་འགྲམ་དུ་རུབ། ཁོང་ཚོས་ངུ་ཤར་རྒྱག་གིན་དུ“ངོ་ལོག་ཟིང་འཁྲུག་སློང་མཁན་གྱི་ནག་ཉེས་དག”ཇི་མ་ཇི་བཞིན་འཐབ་འཛིང་པ་ཚོར་བརྗོད། ཉིན་ཤས་གོང་ངོ་ལོག་ཟིང་འཁྲུག་སློང་མཁན་གྱིས་འབྲོག་པ་ཚོའི་འབྲོག་རར་འཕྲོག་བཅོམ་བྱས་ཏེ་དར་མ་50ལྷག་ཙམ་བཙན་ཁྲིད་བྱས་པ་དང་། བུད་མེད་ལ་བཙན་གཡེམ་བྱས་པ། ཕྱུགས་ར་བསྲེགས་པ། མར་དང་། ཇ། རྩམ་པ་བཅས་དང་། གཡག་བརྒྱ་གྲངས་འཕྲོག་བཅོམ་བྱས། འབྲོག་པ་ཚོར་ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་ཡང་ངོ་ལོག་ཟིང་འཁྲུག་སློང་མཁན་གྱི་ཁ་གཏད་མི་གཅོག་པས་བཅིངས་འགྲོལ་དམག་མི་མཐོང་མ་ཐག་ཚང་མས་ཁོང་ཚོའི་ཆེད་དུ་དགྲ་ཤ་ལེན་རྒྱུའི་སྐྱབས་འཇུག་ཞུས། ལེན་ཀྲང་ལི་ཧྥ་ཙའེ་དང་མཛུབ་ཁྲིད་པ་གཞོན་པ་ཝུའེ་ཅིན་ཧྲན་གྱིས་ལེན་ཤོག་ཡོངས་ཀྱི་བཀོད་འཐབ་པའི་ཚབ་ཞུས་ཏེ་འབྲོག་པ་ཚོར“ངོ་ལོག་ཟིང་འཁྲུག་སློང་མཁན་རྩ་མེད་བཏང་ནས་བོད་རིགས་སྤུན་ཟླའི་སེམས་ནད་སེལ་རྒྱུའི”ཆོད་སེམས་མཚོན་པར་བྱས། འབྲོག་པ་ཚོས་སྐད་ཆ་དེ་ཐོས་རྗེས་ཚང་མ་དགའ་ཚོར་ཆེན་པོ་སྐྱེས་ནས་དཔུང་སྡེ་འབྲོག་རར་ཁྲིད་པ་དང་འཐབ་འཛིང་པ་ཚོར་སྒར་ཕུབ་རོགས་བྱས།

ཉིན་གཉིས་པའི་ཞོགས་པར་འཐབ་འཛིང་པ་ཚོས་ངལ་དུབ་ལ་མ་འཛེམས་པར་འབྲོག་པ་ཚོའི་ཕྱུགས་ར་ཉམས་བཟོ་བྱས་པ་དང་། ལྕི་བ་སྒྲུག་པ། ཆུ་ལེན་པ། ཇ་བསྐོལ་བ་སོགས་བྱེད་རོགས་བྱས། ངོ་ལོག་ཟིང་འཁྲུག་སློང་མཁན་གྱིས་འཕྲོག་བཅོམ་བྱས་པའི་འབྲོག་པར་འབྲུ་རིགས་བཟའ་རྒྱུ་མེད་པ་མཐོང་སྐབས། འཐབ་འཛིང་པ་ཚོས་རང་འགུལ་ངང་གོང་རིམ་ལ་སྙན་སེང་ཞུས་ནས་སོ་སོའི་བཟའ་འབྲུ་ཁོང་ཚོར་སྤྲོད་རྒྱུའི་རེ་བ་བཏོན། དཔུང་སྡེའི་སྨན་པ་ཧོང་དབྱི་ཏེ་ཡིས་སྨན་བཅོས་ཁུག་མ་ཁྱེར་ནས་སྐད་སྒྱུར་དང་མཉམ་དུ་སྦྲ་གུར་རེ་རེར་བསྐྱོད་དེ་འབྲོག་པ་ཚོར་སྨན་བཅོས་བྱས། ཉིན་ཤས་རིང་ཁོང་གིས་འབྲོག་པ་170ལྷག་ཙམ་གྱི་ནད་གཞི་བཅོས་པ་དང་འབྲོག་པ་ཚོས་སྙིང་ཉེ་བའི་སྒོ་ནས་ཁོང་ལ“ལྷ་རྗེ”ཞེས་འབོད། ཉིན་ཞིག་ལ་ཧོང་དབྱི་ཏེས་རྩབ་རལ་མུན་ནག་གི་སྦྲ་གུར་ཞིག་གི་འགྲམ་ནས་སྐྱོད་སྐབས་ངུ་སྒྲ་གསང་པོ་ཞིག་ཐོས། ཁོང་དང་སྐད་སྒྱུར་འཕྲལ་མར་སྦྲ་གུར་ནང་འཛུལ་ནས་ལྟ་སྐབས་ལོ་70ལྷག་ཙམ་ལ་སོན་པའི་བོད་རིགས་རྒན་མོ་ཞིག་གིས་ལོ་10ལྷག་ཙམ་ཟིན་པའི་ཕྲུ་གུ་ཞིག་གི་འགྲམ་དུ་ངུ་བཞིན་ཡོད་པ་མཐོང་། སྐབས་དེར་ཕྲུ་གུ་དེའི་ངོ་གདོང་སེར་པོར་གྱུར་བ་དང་། ལུས་པོ་ཡོངས་འདར་ཞིང་ཐོས་ལ་མི་ཐོས་ཀྱི་ན་སྐད་རྒྱག་བཞིན་ཡོད། ཧོང་དབྱི་ཏེ་ཡིས་ལམ་སེང་ཕྲུ་གུ་དེའི་ནད་བརྟག་པ་བརྒྱུད། མཐར་ཕྲུ་གུ་དེའི་རྐང་པ་ངོ་ལོག་ཟིང་འཁྲུག་སློང་མཁན་གྱིས་མེས་བསྲེགས་ནས་རྨ་ལ་གྱུར་བ་དང་རྨ་ཁའི་ཐོག་རྣག་འཁོར་བ་ཤེས། དེ་ནས་ཕྲུ་གུར་ཚ་བ་ལྟས་པས་ཕྲུ་གུ་དེའི་དྲོད་ཚད་40.3℃བར་རྒྱས་ཏེ་སྲོག་ཉེན་ལ་ཐུག་ཡོད། རྒན་མོས“ལྷ་རྗེ”ཧོང་དབྱི་ཏེ་ལ་ཕྱག་འཚལ་ནས་ཁོ་མོའི་ཚ་བོ་བསོད་ནམས་རྒྱ་མཚོ་གཤིན་རྗེའི་ལག་ནས་སྐྱོབ་རྒྱུའི་རེ་བ་ཞུས། ཕྲུ་གུའི་ཨ་ཕ་ངོ་ལོག་ཟིང་འཁྲུག་སློང་མཁན་གྱིས་བཙན་ཁྲིད་བྱས་པ་དང་ཨ་མ་དམར་གསོད་བཏང་བས་རྒན་མོའི་ཁྱིམ་གྱི་མི་རྒྱུད་ཚ་བོ་དེ་རང་ལས་ལྷག་མེད། ཧོང་དབྱི་ཏེ་ཡིས་སྔོན་ལ་ཕྲུ་གུར་ཆིང་མེ་སུའུ་བླུགས་པའི་ཁབ་ཅིག་བརྒྱབ་པ་དང་དེ་ནས་ཕྲུ་གུའི་རྐང་པའི་རྨ་ལ་སྨན་ཞིག་བྱུགས། ད་དུང་ཁོང་གིས་ཨ་མ་རྒན་མོ་དང་མཉམ་དུ་ཕྲུ་གུར་ནད་གཡོག་རྒྱུག་ནས་དུས་ཐོག་ཏུ་ནད་པར་ཁབ་རྒྱག་པ་དང་སྐྱག་གཅིན་སྒུག་རོགས་བྱས། ཉིན་གཉིས་པར་ཕྲུ་གུའི་དྲོད་ཚད་37℃བར་ཆག་ནས་ཆུ་འཐུང་ཐུབ་པ་དང་ཟས་བཟའ་ཐུབ། དེ་ནས་ཉིན་13སོང་རྗེས་བསོད་ནམས་རྒྱ་མཚོ་རྦད་དེ་དྲག་སྐྱེད་བྱུང་བ་མ་ཟད། སྐད་སྒྱུར་ནས“ཨ་ཁུ་བཅིངས་འགྲོལ་དམག་མི་ལགས། ཐུགས་རྗེ་ཆེ”ཞེས་རྒྱ་སྐད་བཤད་ཤེས། ཨ་མ་རྒན་མོ་དེས་ཚ་བོ་ཁྲིད་དེ་ལག་ཏུ་མར་དང་། ཕྱུར་བ། ཁ་བཏགས་བཅས་ཁྱེར་ནས་ལེན་ཤོག་ཏུ“སྲོག་སྐྱོབ་དྲིན་ཆེན”ལ་ཐུགས་རྗེ་ལེགས་འབུལ་ཞུ་བར་སླེབས། ལེན་ཀྲང་གིས་ཨ་མ་རྒན་མོའི་ལག་རྟགས་རྩ་བ་ནས་བླངས་མེད། ལེན་ཀྲང་གིས“ཨ་མ་རྒན་མོ། དེ་ནི་ང་ཚོས་བྱེད་འོས་པའི་ལས་ཀ་ཞིག་རེད། བོད་རིགས་མི་དམངས་རྣམས་ལ་རང་དབང་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་ཕྱིར་ང་ཚོས་ད་དུང་དེ་ལས་ལྷག་པ་བྱ་རྒྱུ་ཡིན”ཞེས་བཤད།

ཉིན་དེའི་ས་སྲིབ་ཏུ་བསོད་ནམས་རྒྱ་མཚོའི་རྨོ་བོས་རྩམ་པ་དང་ཕྱུར་བ་ཁུར་ཏེ་གངས་རིའི་འགྲམ་དུ་སྐྱོད་འགོ་བརྩམས་པ་དང་ཁོ་མོ་ཁྱིམ་ནས་ཐོན་སྐབས་ཚ་བོར“ཁྱོད་ནོར་འཚོ་རུ་སོང་། ངས་ཁྱོད་ཀྱི་ཨ་ཕ་བཙལ་ནས་ཁོང་སྡུག་བསྔལ་ལས་ཐར་ཐུབ་པ་བྱས་ཏེ་བཅིངས་འགྲོལ་དམག་གི་བཀའ་དྲིན་འཇལ་དུ་ཁྲིད་ཡོང”ཞེས་བཤད། རྨོ་བོ་སོང་རྗེས་བསོད་ནམས་རྒྱ་མཚོ་ཞོགས་པ་སྔ་པོ་ནས་ལངས་ནས་ཨ་ཁུ་བཅིངས་འགྲོལ་དམག་གིས་བསླབས་པའི《ཤར་ཕྱོགས་ཀྱི་ཉི་འོད་དམར་པོ》ཞེས་པའི་གླུ་གཞས་བཏང་ནས་ནོར་འཚོ་རུ་སོང་། དགོང་དྲོར་ནོར་ཁྱུ་ལྷས་རར་བཅུག་རྗེས་རྟ་དམག་ལེན་ཤོག་ཀྱི་སྒར་སར་ཕྱིན་ནས་ཨ་ཁུ་བཅིངས་འགྲོལ་དམག་མིའི་འགྲམ་ནས《སྤྱི་ཚོགས་རིང་ལུགས་ཡག་པོ་འདུག》ཅེས་པའི་གླུ་གཞས་སྦྱངས། ཁོང་གིས་ད་དུང་བོད་རིགས་ཕྲུ་གུ་མང་པོ་ཞིག་ཁྲིད་དེ་ཨ་ཁུ་བཅིངས་འགྲོལ་དམག་མིའི་འགྲམ་ནས་གླུ་གཞས་སྦྱངས་པ་དང་དེ་ནས་བཟུང་དགའ་སྤྲོ་དང་རང་དབང་གི་གླུ་སྒྲ་འབྲོག་རར་ཁྱབ། ཉིན་ཞིག་གི་སྔ་དྲོར་རྨོ་བོས་ཁོང་གི་ཕྲུ་གུ་དང་ངོ་ལོག་ཟིང་འཁྲུག་སློང་མཁན་གྱིས་བཙན་ཁྲིད་བྱས་པའི་འབྲོག་པ་དར་མ་ཞིག་ཁྲིད་དེ་ལེན་ཤོག་གི་སྒར་སར་ཡོང་ནས་ལེན་ཀྲང་ལ་མེ་མདའ་གཉིས་རྩིས་སྤྲད་པ་དང་ཁོ་གཉིས་དཔུང་སྡེར་ཞུགས་སུ་འཇུག་དགོས་ཞེས་བཤད། ལེན་ཀྲང་གིས་མི་དམངས་བཅིངས་འགྲོལ་དམག་གི་ཚབ་ཞུས་ནས་ཁོང་གཉིས་ལ་དགའ་བསུ་ཞུས་པ་རེད། རྨོ་བོས་ལེན་ཤོག་གི་སྒར་སར་བཀལ་བའི་མའོ་ཀྲུའུ་ཞིའི་སྐུ་པར་ལ་ལྟ་བཞིན་དུ་སེམས་འགུལ་ཐེབས་པའི་མིག་ཆུ་ཤོར། ཁོ་མོའི་ཕྲུ་གུས་ཀྱང་མའོ་ཀྲུའུ་ཞིའི་སྐུ་པར་ཕྱོགས་སུ་ཕྱག་འཚལ་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ལེན་ཀྲང་ལ“ཁྱེད་ཚོ་དང་མཉམ་དུ་འགྲོགས་ནས་གདོན་འདྲེ་གསོན་པོ་དེ་དག་རྩ་མེད་དུ་གཏོང་འཇུག་རོགས”ཞེས་ཚིག་ཐག་ཆོད་པོས་ཞུ་བ་འཐེན་པ་རེད། དེ་རྗེས་གཞུང་དྲང་དང་དཔའ་ངར་ལྡན་པའི་བོད་རིགས་འབྲོག་པ་དེས་དཔུང་སྡེའི་ལམ་སྣེ་བྱས་པ་རེད། ཁོང་གིས་རྟ་དམག་ཁྲིད་དེ་རི་ཀླུང་དང་གཡང་གཟར་བརྒལ་ནས་གངས་རིའི་འགྲམ་གྱི་ངོ་ལོག་ཟིང་འཁྲུག་སློང་མཁན་རྗེས་འདེད་བཏང་། ཁོང་གིས་ད་དུང་འབྲོག་པའི་ཁྲོད་ཏང་གི་མི་རིགས་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་ངོ་ལོག་ཟིང་འཁྲུག་སློང་མཁན་གྱི་གཏུམ་སྤྱོད་ཚང་མ་ཐེར་འདོན་གྱིས་ཡུལ་མི་ཚོར་ངོ་ལོག་ཟིང་འཁྲུག་སློང་མཁན་གྱིས་བཙན་ཁྲིད་བྱས་པའི་ནང་མི་འཚོལ་རྒྱུའི་ལྕག་སྐུལ་བྱས། ཉིན་10ཡི་རིང་འབྲོག་པ་དར་མ་40ལྷག་ཙམ་ངོ་ལོག་ཟིང་འཁྲུག་སློང་མཁན་གབ་ས་ནས་བྲོས་ཡོང་། ཁོང་ཚོས་རྟ་དམག་ལེན་ཤོག་ལ་མཚོན་ཆ་རྩིས་སྤྲོད་བྱས་པ་དང་འབྲེལ་ངོ་ལོག་ཟིང་འཁྲུག་སློང་མཁན་གྱི་གནས་ཚུལ་ཞིབ་ཕྲ་སྙན་སེང་ཞུས།

རྟ་དམག་ལེན་ཤོག་གིས་གོང་རིམ་གྱི་བཀའ་ལྟར་གངས་རིའི་ཁྲོད་ཀྱི་ངོ་ལོག་ཟིང་འཁྲུག་སློང་མཁན་ལྷག་མ་དག་ལ་དཔུང་འཇུག་བྱེད་པའི་སྔ་ནུབ་ཏུ་འབྲོག་པ་ཚོས་རང་འགུལ་ངང་འབྲི་གཡག་སྐྱེལ་འདྲེན་རུ་ཁག་ཅིག་བཙུགས་ཏེ་རྟ་དམག་ལེན་ཤོག་ལ་བཟའ་འབྲུ་བསྐྱལ། བསོད་ནམས་རྒྱ་མཚོའི་ཨ་ཕ་ནི་སྐྱེལ་འདྲེན་རུ་ཁག་གི་འགན་འཁུར་བ་ཡིན་པ་དང་། ཁོང་གིས་རང་ཉིད་ཀྱི་གཡག་དང་རོགས་ཟླ་ཚང་མ་ཁྲིད་དེ་དཔུང་སྡེའི་རྗེས་སུ་བསྙེགས་ནས་ངོ་ལོག་ཟིང་འཁྲུག་སློང་མཁན་འདེད་བཅོམ་བྱས་པ་དང་ཆབས་ཅིག དུས་ཐོག་ཏུ་མདེའུ་དང་འབྲུ་རིགས་བསྐྱལ་ནས་དཔུང་སྡེས་ངོ་ལོག་ཟིང་འཁྲུག་སློང་མཁན་གང་མགྱོགས་རྩ་མེད་གཏོང་ཐུབ་པའི་འགན་ལེན་བྱས་ཡོད། དམག་འཐབ་ལ་རྒྱལ་ཁ་ཐོབ་རྗེས་རྟ་དམག་ལེན་ཤོག་དང་འབྲོག་པའི་སྐྱེལ་འདྲེན་རུ་ཁག་མཉམ་དུ་འབྲོག་རར་ཕྱིར་ལོག་བྱས། འབྲོག་པ་ཚོས་སེམས་རྩ་འཁོལ་པོས་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ལེགས་འབུལ་ཞུ་བ་དང་འབྲོག་པ་དབུལ་པོར་རོགས་སྐྱོར་བྱ་ཆེད། རྟ་དམག་ལེན་ཤོག་གིས་ངོ་ལོག་ཟིང་འཁྲུག་སློང་མཁན་གྱི་ཕྱོགས་ནས་ཐོབ་པའི་འབྲུ་རིགས་རྒྱ་མ་2000ལྷག་ཙམ་དང་འཕྲོག་བཅོམ་བྱས་པའི་འབྲི་གཡག་ཚང་མ་འབྲོག་པ་ཚོར་བགོ་བཤའ་བརྒྱབ་པ་རེད། (ལྷ་དབང་དང་ཚེ་ཁོས་སྒྱུར་ཞུས་བྱས)