《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月09日

ནོར་བུ་དོན་གྲུབ་ཀྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་7ཉིན་གནས་ཚུལ་འབྱོར་གསལ། ཚེས་6ཉིན་གྱི་སྔ་དྲོར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་དངུལ་རྩའི་ཉེན་ཁ་འགོག་སེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ནོར་བུ་དོན་གྲུབ་ཀྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ(རང་སྐྱོང་ལྗོངས་ཀྱི་དངུལ་རྩའི་ཉེན་ཁ་འགོག་སེལ་གྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ)གཙོ་སྐྱོང་གནང་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། བོད་ཀྱི་ལས་དོན་དང་དངུལ་རྩའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ། དངུལ་རྩའི་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོའི་མཛུབ་སྟོན་མཆན་འགོད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་པ་མ་ཟད། འབྲེལ་ཡོད་ཀྱི་ལས་དོན་ལ་ཞིབ་འཇུག་དང་འབྲེལ་བཀོད་སྒྲིག་ཀྱང་གནང་བ་རེད།

ནོར་བུ་དོན་གྲུབ་ཀྱིས། འབྲེལ་ཡོད་སྡེ་ཚན་ཁག་གིས་ངེས་པར་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གི་བླང་བྱ་གཞིར་བཟུང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། “སྤྱི་ཡོངས་གཉིས”བློ་ལ་འཆང་བ། “དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས། ཁྲིམས་སྐྱོང་གི་བསམ་བློ་ཟབ་ཏུ་གཏོང་བ། ཁྲོམ་རའི་ཆོས་ཉིད་ལ་སྲུང་བརྩི་ཞུ་བ། ཁྲིམས་བཞིན་སྲིད་འཛིན་པ། དངུལ་རྩའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཟབ་ཏུ་གཏོང་བ། “ཚུགས་གནས་མཐོ་བ་དང་། ཐབས་བཀོད་ཟབ་པ། འཆར་གཞི་མིག་རྒྱང་རིང་བ། དམིགས་ཚད་དོན་དང་མཐུན་པ་བཅས”ཀྱི་བླང་བྱ་ལྟར་ཚན་རིག་དང་མཐུན་པར“ལོ་ལྔ་ཚན་བཅུ་བཞིའི”དངུལ་རྩ་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ། ཀྲུང་དབྱང་གིས་བོད་ལ་གནང་བའི་དངུལ་རྩའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་ཡག་པོ་དང་། བེད་སྤྱོད་མཁས་པོ། བེད་སྤྱོད་ཆ་ཚང་བ་བཅས་བྱས་ནས་དངུལ་རྩའི་ཞབས་ཞུས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་དང་། དངུལ་རྩའི་ཉེན་ཁ་འགོག་སེལ། དངུལ་རྩའི་སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བ་བཅས་ལ་ནུས་ཤུགས་ཡོད་རྒུས་ཁྲིད་སྟོན་བྱས་ཏེ་དངུལ་རྩའི་འཕེལ་རྒྱས་ལས་བྱུང་བའི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་ཕན་པ་སྔར་བས་འཐོབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)