《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月07日

སྤོ་བོ་རྫོང་ཁམས་ཡུལ་ཤང་དམངས་ཁྲོད་གླིང་བྲོའི་སྐོར་མདོ་ཙམ་བཤད་པ།

སྤོ་བོ་རྫོང་ཁམས་ཡུལ་ཤང་གི་གླིང་བྲོ་འཁྲབ་སྲོལ་ནི་སྔར་མཚོ་ཁ་དགོན་གྱི་གྲུབ་ཆེན་འཆི་མེད་གཡུ་རྒྱལ་ནས་རིམ་བཞིན་དར་བ་ཞིག་རེད་འདུག

མཚོ་ཁ་དགོན་པ་དང་གླིང་སྒྲུང་གླིང་བྲོའི་བར་ལ་དམིགས་བསལ་གྱི་འབྲེལ་བ་བྱུང་བའི་རྒྱུ་མཚན་ནི་དགོན་པའི་གཙོ་འཛིན་གྲུབ་ཆེན་འཆི་མེད་གཡུ་རྒྱལ་སྐུ་ཕྲེང་རིམ་བྱོན་ལ་གླིང་སྒྲུང་བབས་པ་དང་། དེ་ནས་རིམ་བཞིན་དར་འཕེལ་བྱུང་བས་མང་ཚོགས་དང་དགོན་པས་གླིང་སྒྲུང་ལ་མཐོང་ཆེན་བྱེད་པ་མ་ཟད། བབ་སྒྲུང་དེ་དག་དང་འབྲེལ་བའི་གླིང་བྲོ་འཁྲབ་སྲོལ་བྱུང་འདུག ཡང་སྒོས་གླིང་བྲོ་ནི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པའི་དབང་གིས་མང་ཚོགས་ཀྱིས་དགའ་ཞིང་སྤྲོ་བའི་ངང་ནས་དང་ལེན་དང་གསར་གཏོད་བྱས་པས། རིམ་གྱིས་ཁམས་ཡུལ་མཚོ་ཁ་དགོན་པའི་གླིང་བྲོ་དེ་ཡང་མང་ཚོགས་ཅན་དུ་གྱུར་ཏེ། མང་ཚོགས་ཀྱིས་ཧ་ཅང་དགའ་ཞེན་བྱེད་པའི་བྲོ་གར་རིག་གནས་ཀྱི་ཆ་ཤས་ཤིག་ཏུ་གྱུར། ཕྱིས་སུ། རིག་གནས་གསར་བརྗེ་ཆེན་པོའི་བརྡབ་གསིག་ཁྲོད་གླིང་བྲོ་དེ་ཉིད་དུས་རབས་གསར་རྙིང་གི་མཚམས་ཕྱེས་པ་ལྟ་བུར་གྱུར།

དེ་ཡང་། མི་རབས་གསར་རྙིང་དབར་ཆེད་གཉེར་གྱི་བརྒྱུད་སྤྲོད་དང་དར་སྤེལ་གྱི་འགན་གཙོ་བོ་འཁུར་མཁན་མ་བྱུང་བར་བརྟེན། རང་འགུལ་གྱིས་རྒྱུན་འཛིན་བྱེད་མཁན་ཙམ་ལས་མེད་པས་ཅུང་ཟད་ཉམས་ཆག་སོང་བ་མ་ཟད། གཞོན་སྐྱེས་ཚོགས་ལ་དགའ་ཞེན་ཙམ་ལས་རྒྱུས་མངའ་དེ་ཙམ་མེད་པར་གྱུར།

འོ་ན་གླིང་གི་བབ་སྒྲུང་དང་འབྲེལ་བའི་རིག་གནས་དེ་ཇི་ལྟ་བུ་ཞིག་རེད་ཅེ་ན།

དེ་ཡང་། གེ་སར་སྒྲུང་གི་རིག་གནས་ནི་ཀྲུང་གོའི་གནའ་རབས་རིག་གནས་ཀྱི་ཆ་ཤས་གལ་ཆེན་ཞིག་དང་། བོད་མི་རིགས་ཀྱིས་ཧ་ཅང་དགའ་ཞེན་བྱེད་པའི་སྲོལ་རྒྱུན་གྱི་ལོ་རྒྱུས་རིག་གནས་གྲགས་ཅན་ཞིག་རེད།

ཁམས་ཡུལ་ཤང་གི་གླིང་བྲོའི་གཞུང་གི་ཁུངས་གཏུགས་ས་ནི་གྲུབ་ཆེན་འཆི་མེད་གཡུ་རྒྱལ་གྱི་བབ་སྒྲུང་སྟེ་ཡོངས་གྲགས་སུ་མཐའ་སྒྲུང་ཞེས་པ་དེ་ཡིན།

སྤྱིར་བབ་སྒྲུང་ནི་བརྩམས་སྒྲུང་ལས་ཁྱད་དུ་འཕགས་པའི་རིག་གནས་ཡ་མཚན་ཅན་ཞིག་ཡིན་པས། དེར་རྒྱུན་འཛིན་དང་ཞིབ་འཇུག་བྱེད་པར་དོན་སྙིང་ལྷག་ཏུ་ལྡན་པ་ཡོངས་སུ་གྲགས་པ་ལྟར་ཡིན་ན་དེ་དང་འབྲེལ་བའི་རིག་ཚན་ཀུན་དང་། ལྷག་པར་སྒྲུང་དེ་དང་འབྲེལ་བའི་གླིང་བྲོའི་རིག་གནས་ལ་དེ་བས་ཀྱང་རྒྱུན་འཛིན་དང་ཞིབ་འཇུག་བྱེད་རིན་ཡོད་པ་ཞིག་རེད། གཞན་ཡང་། སྤྱིར་གེ་སར་སྒྲུང་དང་འབྲེལ་བའི་གླིང་བྲོ་འགའ་རེ་ཡོད་མོད། འོན་ཀྱང་། བབ་སྒྲུང་དང་འབྲེལ་བའི་གླིང་བྲོ་ཅུད་ཟད་དཀོན་པས་ན། གླིང་བྲོ་དེ་ཉིད་མངོན་མིན་རིག་གནས་ཤུལ་བཞག་གི་ཁོངས་སུ་འཇུག་ཐུབ་པ་བྱས་ནས་རྒྱུན་འཛིན་བྱེད་དགོས་པར་སྙམ།

ཁམས་ཡུལ་གླིང་བྲོའི་འཁྲབ་གཞུང་གི་ཁུངས་གཏུགས་སའི་མི་སྣ་སོགས་མཐའ་སྒྲུང་ཡིན་ཡང་ཞབས་བྲོ་འཁྲབ་སྟངས་ཐད་ས་གནས་དེ་གའི་ཡུལ་སྲོལ་རིག་གནས་དང་འབྲེལ་བ་འདུག གྲུབ་ཆེན་ལས་བྱུང་བའི་མཐའ་སྒྲུང་ལ་སྤྱིར་ལྡེབ་གྲངས་ལྔ་བརྒྱ་ཙམ་དང་། སྟོད་ཆ་སྨད་ཆ་གཉིས་ལས་གྲུབ་ཅིང་། ལག་བྲིས་ཀྱི་དཔེ་རྙིང་རྩ་ཆེན་གཅིག་ཁོ་ན་ད་ལྟ་མཇལ་དུ་ཡོད་ཀྱང་ཡོངས་གྲགས་ཀྱི་གེ་སར་སྒྲུང་གི་མིང་ཐོའི་གྲལ་ན་མེད་པས། གེ་སར་སྒྲུང་ལ་ཞིབ་འཇུག་བྱེད་མཁན་ཚོས་དོ་སྣང་བྱེད་འོས། འོན་ཀྱང་། རིག་གནས་གསར་བརྗེའི་སྐབས་སུ་གཏོར་སྐྱོན་ཐེབས་པའི་དབང་གིས་མཐའ་སྒྲུང་གླིང་བྲོའི་གཞུང་དངོས་ནི་ཡུལ་མི་རྒན་རབས་ཚོའི་ངག་རྒྱུན་ལ་བརྟེན་ནས་རགས་ཙམ་ཤེས་རྟོགས་བྱུང་བ་ཙམ་ལས་འཁྲབ་གཞུང་དངོས་ནི་ཧ་ཅང་རྙེད་དཀའ་བའམ། རྙེད་པའི་རེ་བ་མེད་པ་ལྟར་གྱུར་ཡོད་ཅིང་། འཁྲབ་ཆས་ཕལ་ཆེ་བ་སྤོ་བོ་ཆོས་རྫོང་དགོན་དུ་ཡོད་པར་བཤད་ཀྱང་ད་ལྟ་ལག་སོན་བྱུང་མེད། (ཉིང་ཁྲི་གྲོང་ཁྱེར་མི་འཐུས་ནོར་དོན་ཨུ་ལྷན། བསྟན་འཛིན)