《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月07日

སོན་བཟང་འདེབས་གསོ་ཁྱབ་སྤེལ་གྱིས། ས་མཐོའི་འབྲུ་མཛོད་བསྐང་བར་འདོད།

—— རང་རྒྱལ་གྱི་ནས་ཀྱི་ཞིབ་འཇུག་རིགས་གཅིག་མཁས་ ཅན་ཉི་མ་བཀྲ་ཤིས་ལ་རྗེས་དྲན་ཞུས་པ།

ས་མཐོའི་ནས་སྨིན་འགོ་ཚུགས་རུང་ཁོང་ནམ་ཡང་མི་ཡུལ་ནས་ཁ་བྲལ།

ཁོང་ནི་རང་རྒྱལ་གྱི་གྲགས་ཅན་ནས་ཀྱི་ཞིབ་འཇུག་རིགས་གཅིག་མཁས་ཅན་དང་། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཡོན་ཀྲང་ཉི་མ་བཀྲ་ཤིས་རེད། ཁོང་ནི་བོད་རིགས་དང་། ཀྲུང་གུང་ཏང་ཡོན། རང་བྱུང་རིག་པའི་འབུམ་རམས་པ་བཅས་རེད།

2020ལོའི་ཟླ་9ཚེས་5ཉིན། བོད་ལྗོངས་མངའ་རིས་སུ་གཤམ་སྐྱོད་བྱེད་པའི་ལམ་བར་དུ་འཁོར་འཛོལ་ཐོན་ནས་སྐུ་གཤེགས་པ་དང་། སྐུ་གཤེགས་དུས་དགུང་ལོ་55ཡིན་པ་རེད།

དུས་དེ་ནས་བཟུང་ནས་ཀྱི་འབུམ་རམས་པ་ཞིག་ནམ་ཡང་ང་ཚོ་དང་ཁ་བྲལ།

“ཞིང་པའི་ཡོན་ཀྲང”དེས་མི་སེར་གཉེན་ཉེར་བརྩི་བ།

ཟླ་བ་དོན་གྲུབ་ཀྱིས“ང་ལ་ཁོང་ནི་ཞིང་པ་རང་ཡིན་པའི་བག་ཆགས་བྱུང”ཞེས་བཤད།

ཟླ་བ་དོན་གྲུབ་ནི་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་ཤང་དཀྱིལ་མཁར་གྲོང་ཚོའི་འབྲུ་འདེབས་དུད་ཆེན་ཞིག་རེད།

2013ལོར་ཉི་མ་བཀྲ་ཤིས་ཀྱིས་ནས་ཀྱི་སོན་བཟང་ཁྱབ་གདལ་གཏོང་ཆེད་དཀྱིལ་མཁར་གྲོང་ཚོར་བསྐྱོད། ཁོང་གིས་དུད་ཚང་རེ་རེ་བཞིན་སོན་བཟང་ཁྱབ་གདལ་བཏང་བ་མ་ཟད་ཞིང་པར་འདེབས་འཛུགས་བྱ་རྒྱུའི་སྐུལ་ལྕག་ཀྱང་བྱས།

ཟླ་བ་དོན་གྲུབ་ཀྱིས“ཁོང་དང་ས་ཞིང་འདེབས་འཛུགས་སྐོར་གླེང་སྐབས་ཁོང་དེའི་ཐད་བྱང་ཆུབ་པོ་འདུག མཐར་ཁོང་ལ་ཡིད་ཆེས་བྱས་ཏེ་ལོ་དེར་སོན་གསར་མུའུ་20ཚོད་འདེབས་བྱས་པ་ཡིན”ཞེས་བཤད།

དཀྱིལ་མཁར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བུ་ཆུང་གི་སེམས་ནང་ཁོང་ནི་ཤ་རིད་ལ་གཟུགས་སྟོབས་ཚད་མ་ཡིན་པ་དང་། ཤ་རྩི་ཅུང་ནག་ལ་སེམས་རྩ་འཁོལ་བ་ཞིག་ཡོད།

དེ་དག་ལས་ཁོང་ནི“འགོ་ཁྲིད་ཆེན་པོ”དང“རིགས་གཅིག་མཁས་ཅན”ཞིག་ཡིན་པ་ཡིད་ཆེས་ཐབས་བྲལ།

བུ་ཆུང་གིས་རྟག་ཏུ་གསར་འགོད་པར་བྱམས་བརྩེའི་ངང་ཡོན་ཀྲང་ལགས་དང་ཁོང་ཚོའི་དབར་གྱི་གཏམ་རྒྱུད་བརྗོད་ཀྱི་ཡོད་པ་དཔེར་ན། སོན་གསར་ཁྱབ་གདལ་དང་། ཞིང་ནང་མཛུབ་ཁྲིད། རིན་པ་མི་དགོས་པར་ཞིང་དུད་ལ་ཞིང་སྨན་སྤྲོད་པ། ཞིང་དུད་ལ་ས་བོན་འཚོང་རོགས་བྱེད་པ་སོགས་རེད།

བུ་ཆུང་གིས“ཡོན་ཀྲང་ལགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ང་ཚོའི་ཁེ་ཕན་ལ་བསམ་བློ་གཏོང་གི་ཡོད། ཁོང་གི་བཀའ་དྲིན་ང་ཚོས་ནམ་ཡང་བརྗེད་མི་སྲིད”ཅེས་བཤད།

1985ལོར་ཉི་མ་བཀྲ་ཤིས་ནུབ་བྱང་ཞིང་ལས་སློབ་ཆེན་ནས་ཐོན་རྗེས་ཕྱི་རྒྱལ་དུ་ཟབ་སྦྱོང་བྱེད་པར་བསྐྱོད། 1999ལོར་རང་བྱུང་ཚན་རིག་གི་འབུམ་རམས་པའི་སློབ་གནས་ཐོབ་ནས་རྒྱལ་ནང་དུ་ལོག་སྟེ་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་དུ་ལས་ཀ་བྱས།

2006ལོར། ཉི་མ་བཀྲ་ཤིས་དང་རྒྱུས་མངའ་སྤུ་ཙམ་ཡང་མེད་པའི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཤང་གི་ཟླ་བ་དོན་གྲུབ་གཉིས་ནན་ཅིང་ཞིང་ལས་སློབ་ཆེན་གྱི་རྒྱུད་འཛིན་རིག་པའི་ཆེད་ལས་ཀྱི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད། ཁོང་གིས་ཉི་མ་བཀྲ་ཤིས་ལ་གློག་འཕྲིན་ཞིག་བསྐུར་ནས་ཞིང་པའི་ཁྱིམ་ཚང་དུ་སྐྱེས་པའི་ཁོང་སློབ་ཡོན་སྤྲོད་མ་ཐུབ་སྟབས་མུ་མཐུད་སློབ་སྦྱོང་བྱེད་ཐབས་བྲལ་བའི་གནས་ཚུལ་ཞིབ་ཕྲ་བརྗོད།

བསམ་ཡུལ་ལས་འདས་པ་ཞིག་ལ་ཉི་མ་བཀྲ་ཤིས་ཀྱིས“ཉེ་བའི་ལོ་གཉིས་རིང་ནས་ཞིབ་འཇུག་ཚོགས་པ་འཛུགས་བཞིན་ཡོད་པས་ཆེད་ལས་ཤེས་ལྡན་མི་སྣ་དེ་རིགས་ཧ་ཅང་མཁོ་པོ་ཡོད། ངས་ཁྱེད་ཀྱི་སློབ་ཡོན་སྤྲོད་རོགས་བྱས་ཆོག་པས་བློ་བདེ་པོས་སློབ་སྦྱོང་གྱིས་ཤིག”ཅེས་ལན་བསྐུར།

ཁོང་གི་རོགས་རམ་འོག་ཟླ་བ་དོན་གྲུབ་བདེ་བླག་ངང་སློབ་གྲྭ་ཐོན་པ་མ་ཟད། 2009ལོར་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་དུ་ལས་བགོས་བརྒྱབ། སྐབས་དེ་དུས་ཁོང་དང་ཉི་མ་བཀྲ་ཤིས་དངོས་སུ་ཐུག་འཕྲད་བྱུང་ཡོད།

ཞིང་པ་ནམ་ཡང་སེམས་ནང་འཇོག་མཁན་ཁོང་ཨ་མ་གྲོངས་ཁར་ཡང་ཕ་ཡུལ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཐང་གྲོང་རྡལ་རྫ་ཡུལ་གྲོང་ཚོར་ལོག་ཐུབ་མེད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ཟླ་7ཚེས་26ཉིན་ནི་ཉི་མ་བཀྲ་ཤིས་དང་བཟའ་ཟླ་ལྷག་ཆུང་གི་བུ་གཅིག་པུ་ངག་དབང་ཚེ་རིང་གི་སྐྱེས་སྐར་རེད།

པེ་ཅིང་དུ་གཞུང་དོན་སྒྲུབ་བཞིན་པའི་ཁོང་ལ་ཉིན་དེའི་ཞོགས་པ་སྔ་པོ་ནས་བཟའ་ཟླའི“དེ་རིང་བུའི་སྐྱེས་སྐར་ཡིན་པས་ཁྱེད་གཉིས་པེ་ཅིང་དུ་ལྷན་འཛོམས་བྱས་ནས་སྐྱེས་སྐར་གཏོང་ཆོག”ཅེས་པའི་ཆ་འཕྲིན་ཞིག་འབྱོར།

ངག་དབང་ཚེ་རིང་གིས“སྐྱེས་སྐར་གྱི་ཉིན་དེར་ངས་པཱ་ལགས་སྡོད་སའི་མགྲོན་ཁང་འགྲམ་གྱི་ཟ་ཁང་དུ་ཁོང་སྒུག་ནས་བསྡད་པ་ཡིན། ཁ་ལག་བཟའ་བའི་དུས་ཚོད་ཡོལ་རུང་པཱ་ལགས་དང་ཐུག་འཕྲད་བྱུང་བས་ཧ་ཅང་དགའ་པོ་བྱུང་། ཡིན་ནའང་དེ་ནི་ང་གཉིས་ཕ་བུ་གཉིས་ཀྱི་ཐུག་འཕྲད་མཐའ་མ་དེ་ཡིན་པ་བསམ་ཡུལ་ལས་འདས”ཞེས་སྐྱོ་སྣང་ཆེན་པོས་བཤད།

“ད་ཆ་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པས་སློབ་སྦྱོང་ཡག་པོ་བྱས་ནས་རྒྱལ་ཁབ་དང་སྤྱི་ཚོགས་ལ་རིན་ཐང་ལྡན་པའི་མི་ཞིག་བྱེད་དགོས”ཞེས་པཱ་ལགས་ཀྱིས་ཁོ་པར་རྟག་ཏུ་གསུངས་པའི་བསླབ་བྱ་ལོ་31ལ་སླེབས་པའི་ངག་དབང་ཚེ་རིང་གི་སེམས་ནང་བརྟན་པོར་ངེས་ཡོད།

ལྷག་ཆུང་གི་ཁ་པར་ནང་ཉི་མ་བཀྲ་ཤིས་ཀྱིས་བུའི་སྐྱེས་སྐར་གཏོང་དུས་པར་བླངས་པའི་བརྙན་ལམ་ད་དུང་ཉར་ཡོད།

གཉེན་སྒྲིག་བྱས་ནས་ལོ་མང་སོང་རུང་ལྷག་ཆུང་གིས་ཚོང་ར་དང་སྒོ་རྩིས་ཚོང་ཁང་སོགས་སུ་རང་ཉིད་གཅིག་པུ་ཅ་ལག་ཉོ་བར་འགྲོ་བ་དང་། ནང་ལས་ཡོད་ཚད་སོ་སོ་གཅིག་པུས་བྱེད་པ། བཟའ་ཟླ་གཞུང་དོན་སྒྲུབ་པར་སྐྱོད་སྐབས་ཀྱི་ལམ་ཆས་ཁྱིམ་དུ་བསྐྱལ་རྗེས་སླར་ཡང་གཞུང་ལས་ཁང་དུ་ལས་ཀར་བསྐྱོད་དེ་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མེད་པ་བཅས་སྔ་ས་ནས་གོམས་གཤིས་སུ་གྱུར་ཡོད་ལ། བཟའ་ཟླ་ཉིན་ལྟར་ལས་ལ་བྲེལ་བ་དང་རང་དོན་རྒྱབ་ཏུ་སྐྱུར་ནས་གཞན་དོན་སྒྲུབ་པའང་དེ་བས་གོམས་གཤིས་སུ་གྱུར་ཡོད།

“ནས་ཀྱི་འབུམ་རམས་པས”ས་གཞི་ཆེ་མོའི་ཐོག་གཞན་ཕན་ལས་ལ་གཞོལ།

“བོད་ནས་ཨང་2000པ”ནི་ཉི་མ་བཀྲ་ཤིས་ཀྱིས་ཚོགས་པའི་སྣེ་ཁྲིད་དེ་ལོ་19རིང་ཚན་ཞིབ་ལ་བརྟེན་ནས་འདེབས་གསོ་བྱས་པའི་ནས་ཀྱི་སོན་གསར་ཞིག་ཡིན་པ་དང་བོད་ནས་ཀྱི་རབས་གསུམ་པའི་ཁྱབ་གདལ་གཙོ་བོར་གཏོང་བའི་སོན་བཟང་ཞིག་རེད།

2013ལོར“བོད་ནས་ཨང་2000པ”ཁྱབ་གདལ་གཏོང་ཆེད་ཉི་མ་བཀྲ་ཤིས་ཀྱིས་བོད་ཀྱི་འབྲུ་རིགས་ཐོན་ཁུལ་གཙོ་བོའི་རྫོང་28ལ་བསྐྱོད་དེ་ལག་རྩལ་མཛུབ་ཁྲིད་བྱས་པ་རེད།

“བོད་ནས་ཨང་2000པའི”དབུ་བཞུགས་ཚན་རིག་མཁས་ཅན་ཞིག་ཡིན་པའི་ངོས་ནས། 2013ལོའི་ཟླ་2པར་ཉི་མ་བཀྲ་ཤིས“བོད་ཀྱི་འབྲུ་མཛོད”ཅེས་བརྗོད་པའི་གཞིས་རྩེའི་རྫོང་ཁག་ཏུ་བསྐྱོད་ནས། ཉིན་མོར་ཚན་ཞིབ་མི་སྣའི་སྣེ་ཁྲིད་དེ་ཞིང་ནང་དང་མུ་ཁར་ཞིང་པར་ཚན་རིག་དང་མཐུན་པའི་འདེབས་འཛུགས་ལག་རྩལ་སློབ་པ་དང་མཚན་མོ་དུད་ཚང་ཚང་མར་བསྐྱོད་དེ་ཁོང་ཚོའི་དགོས་མཁོ་དང་སེམས་ཁྲལ་ཤེས་རྟོགས་བྱེད་ཀྱི་ཡོད།

ཉི་མ་བཀྲ་ཤིས་ཀྱིས“བོད་ནས་ཨང་2000པ”ཐོན་འབོར་ཆེ་བ་དང་རྩྭ་ཐོན་ཚད་མང་བ་སོགས་ཀྱི་ལེགས་ཆ་བརྗོད་རུང་སོན་བཟང་དེ་སུས་ཀྱང་འདེབས་མྱོང་མེད་སྟབས་ཟླ་བ་དོན་གྲུབ་དེ་ཙམ་ཡིད་ཆེས་བྱུང་མེད།

དཀྱིལ་མཁར་གྲོང་ཚོའི་འབྲུ་འདེབས་དུད་ཚང་ཆེ་གྲས་ཁ་ཤས་ཀྱིས་གྲོས་བསྡུར་བྱས་རྗེས་དུད་ཚང་རེས་མུའུ་20ཚོད་འདེབས་བྱ་རྒྱུའི་ཐག་བཅད་པ་དང་ཆབས་ཅིག པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་པ་ཞོལ་གྲོང་ཚོས་ཀྱང“བོད་ནས་ཨང་2000པ”ཚོད་འདེབས་བྱས།

ལོ་དེའི་ཟླ་5པར་ནས་གཞན་གྱི་མྱུ་གུ་འབུད་རུང་སོན་གསར་ལ་ད་དུང་མྱུ་གུ་འབུད་མེད་སྟབས་ཞིང་དུད་ཚོ་སེམས་ཁྲལ་ལངས་ནས་གཅིག་རྗེས་གཉིས་མཐུད་ངང་གྲོང་རྡལ་སྲིད་གཞུང་དུ་རྒྱུ་མཚན་འདྲི་བར་བསྐྱོད།

“ང་ཚོ་ས་ཞིང་ལ་བརྟེན་ནས་འཚོ་ཐབས་བྱེད་དགོས་པས་མྱུ་གུ་མ་འབུད་ཚེ་སེམས་ཁྲལ་མི་ལངས་ག་ལ་སྲིད”ཅེས་བརྗོད་པ་པ་ཞོལ་གྲོང་ཚོའི་གྲོང་མི་ཟླ་བས་ད་ལྟའང་གསལ་པོར་དྲན་གྱི་ཡོད།

ལྷ་སར་ཡོད་པའི་ཉི་མ་བཀྲ་ཤིས་ཀྱིས་གནས་ཚུལ་དེ་ཐོས་མ་ཐག་ལམ་སེང་དགའ་སྡོང་གྲོང་རྡལ་དུ་བསྐྱོད།

དོགས་གཞི་དེ་སེལ་ཆེད་ཁོང་གིས་ཞིང་པ་དང་མཉམ་དུ་ཞིང་ནང་དུ་སོང་ནས་ཁོང་ཚོར་ས་འོག་ནས་མྱུ་གུ་འབུད་བཞིན་ཡོད་པ་བསྟན། དགོང་མོ་ཉི་མ་བཀྲ་ཤིས་ཀྱིས་སླར་ཡང་གྲོང་རྡལ་ཡོངས་ཀྱི་ཞིང་པར་ཚོགས་འདུ་འཚོགས་ཏེ་ནད་འབུའི་གནོད་པ་སྔོན་འགོག་བྱ་ཆེད་ས་བོན་ལ་སྨན་ལི་ཁེ་ཤིའུ་བརྒྱབ་པས་མྱུ་གུ་འབུད་འགོར་དུ་སོང་རུང་ཉལ་འགོག་གི་ནུས་པ་ཆེན་པོ་ལྡན་ཡོད་ཅེས་མྱུ་གུ་འབུད་འགོར་བའི་རྒྱུ་མཚན་བཤད།

ཁོང་གིས“གལ་ཏེ་གཟའ་འཁོར་གཅིག་སོང་རྗེས་དུ་དུང་མྱུ་གུ་མ་འབུད་ཚེ་འདི་ལོའི་གྱོང་གུན་ཚང་མ་ངས་གསབ་ཆོག”ཅེས་བཤད།

གཟའ་འཁོར་གཅིག་ཀྱང་མ་སོང་བར་ཞིང་ནང་དུ་དངོས་གནས“བོད་ནས་ཨང་2000པའི”མྱུ་གུ་གྲལ་འགྲིག་པོར་འབུད། ལོ་དེར་པ་སྣམ་རྫོང་གི“བོད་ནས་ཨང་2000པའི”མུའུ་རེའི་ཐོན་ཚད་རྒྱ་མ་600ལྷག་ཙམ་ཟིན་ནས་དེ་སྔའི་ནས་རིགས་ཀྱི་ལྡབ་གཉིས་ཙམ་ཟིན་ཡོད།

ད་བར“བོད་ནས་ཨང་2000པ”ནི་ནས་ཀྱི་ཐོན་སྐྱེད་ལོ་རྒྱུས་ཐོག་གི་ལོའི་ཐོན་ཚད་དཔེ་སྟོན་ཁྱབ་གདལ་མུའུ་ཁྲི་100ཡན་ཟིན་པའི་སོན་བཟང་གཅིག་པུ་དེ་ཡིན་པས་བོད་ཀྱི་ནས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི་80ལས་བརྒལ་བ་དང་། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི་100ལས་བརྒལ་བ། བོད་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བཅས་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད།

རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་ཐིང་ཀྲང་ཏུའུ་ཅེས་ཉི་མ་བཀྲ་ཤིས་ཀྱིས་ཚོགས་པའི་སྣེ་ཁྲིད་དེ“བོད་ནས་ཨང་2000པ”དང་། “དགུན་ནས་ཨང་18པ”སོགས་ཐོན་འབབ་མཐོ་བ་དང་། སྤུས་ཀ་དག་པ། འགོག་ནུས་ཆེ་བ་བཅས་ཀྱི་སོན་གསར་འབོར་ཆེན་ཞིག་འདེམས་གསོ་བྱས་པ་དང་སྦྲགས། ཞིབ་བཤེར་གཏན་འཁེལ་ཡང་བྱས་པས་བོད་ཀྱི་ནས་འདེབས་ཁྱོན་གྱི་50%ཡན་བཟུང་བ་དང་རིམ་རྩིས་བྱས་ན་མཚོ་བོད་ས་མཐོར་མུའུ་ཁྲི་818ཁྱབ་གདལ་བཏང་ཡོད། ཀྲུང་གོ་ཞིང་ལས་ཚན་རིག་ཁང་གིས་ཕན་འབྲས་ཚད་ལེན་ཚོད་ལྟ་བྱས་པ་བརྒྱུད་དེའི་སྤྱི་ཚོགས་ཀྱི་དཔལ་འབྱོར་ཕན་འབྲས་སྒོར་དུང་ཕྱུར་27ཟིན་ཡོད་ཅེས་བཤད།

དེར་བརྟེན་ཁོང་ལ“ནས་ཀྱི་འབུམ་རམས་པ”ཞེས་པའི་མཚན་སྙན་ཐོབ།

ལོ་ངོ་30ལྷག་ཙམ་རིང་། ཁོང་གིས་ཨང་དང་པོའམ་ཡང་ན་འཕྲིན་གཏོང་རྩོམ་པ་པོའི་མིང་ཐོག་ནས་རྒྱལ་སྤྱིའི་གྲགས་ཅན་རིག་གཞུང་དུས་དེབ་SCIཐོག་དཔྱད་རྩོམ་18སྤེལ་བ་དང་རྒྱ་ཡིག་དང་དབྱིན་ཡིག་གི་ཆེད་རྩོམ་10(དེའི་ནང་དབྱིན་ཡིག་ཁག་3)པར་སྐྲུན་བྱས་པ་དང་། ཞིང་ཆེན་དང་པུའུ་རིམ་པའི་ཚན་རྩལ་བྱ་དགའ་16ཐོབ་པའི་ནང་ཨང་དང་པོ་ལེགས་སྒྲུབ་ཟིན་མཁན་གྱི་མིང་ཐོག་ནས་ཞིང་ཆེན་དང་པུའུ་རིམ་པའི་ཚན་རྩལ་བྱ་དགའ་རིམ་པ་དང་པོ་ཁག་3ཐོབ་པ། བོད་ཡིག་ཚན་རིག་ཁྱབ་གདལ་གྱི་དཔེ་དེབ་27གཙོ་སྒྲིག་བྱས་པ། མཆོག་རམས་པ་2དང་། འབུམ་རམས་པའི་སློབ་མ་1 རབ་འབྱམས་པའི་སློབ་མ་12བཅས་མཉམ་ལས་གསོ་སྐྱོང་བྱས་པ། གསར་གཏོད་ཀྱི་ཁེ་བེད་4ཐོབ་པ། ས་གནས་ཀྱི་ཚད་གཞི་13བཟོས་ཡོད།

“རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པ”དང་། “རྒྱལ་ཡོངས་ཞིང་ལས་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣ”རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལོངས་སྤྱོད་བྱེད་མཁན། སྐབས་བདུན་པའི་ཀྲུང་གོའི་གཞོན་ནུའི་ཚན་རྩལ་གསར་གཏོད་ཀྱི་བྱ་དགའ། “ཁུལ་གསུམ་དང་ཀྲོའུ་གསུམ”གྱི་བྱ་གཞག་ཚན་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་བྱ་དགའི་བྱས་རྗེས་ཆེན་པོ་འཇོག་མཁན་མི་སྒེར་སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད།

རྒྱལ་ཁབ་ཀྱི་གྲོ་དང་ནས་ཀྱི་ཐོན་ལས་ལག་རྩལ་མ་ལག་གི་དབུ་བཞུགས་ཚན་རིག་མཁས་ཅན་ཀྲུང་གོ་ཞིང་ལས་ཚན་རིག་ཁང་ལོ་ཏོག་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲང་ཅིང་གིས“ཉི་མ་བཀྲ་ཤིས་ཀྱི་ཚོགས་པའི་བོད་ནས་ཀྱི་རྒྱུད་གྲུབ་ཚོགས་པ་དང་ནས་ཀྱི་འབྱུང་ཁུངས་འཕེལ་འགྱུར་གྱི་ཞིབ་འཇུག་བྱས་འབྲས་སྤྱི་ཡོངས་རྒྱལ་ནང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པའི་ཁྲོད་ནས་ཀྱི་རྒྱུན་འཛིན་རྨང་གཞི་ཞན་པ་དང་ས་མཐོའི་འཕྲོད་མཐུན་རང་བཞིན་གྱི་སྐྱེ་དངོས་རིག་པའི་ལམ་སྲོལ་ཞིབ་འཇུག་འདི་ཉིད་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད།

ཉི་མ་བཀྲ་ཤིས་སྐུ་འཚོ་བཞུགས་སྐབས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས“ངའི་ཕ་ཡུལ་གྱི་ས་རྒྱུ་ཞན་པས་འབྲུ་རིགས་ཐོན་ཚད་ཧ་ཅང་དམའ་པོ་ཡོད་སྟབས་ཆུང་དུས་ནས་ནས་སྐྱེ་འཚར་ཡག་པོ་ཡོང་རེ་བྱེད་ཀྱི་ཡོད”ཅེས་གསུངས་མྱོང་ཡོད།

ཉི་མ་བཀྲ་ཤིས་ཀྱིས་བོད་ཀྱི་ཞིང་འབྲོག་ཚན་རྩལ་ཆུ་ཚད་མཐོ་རུ་གཏོང་རྒྱུའི་ཐད་དཀའ་བ་ཚད་མེད་སྤྱད་ཡོད་ལ། བོད་ཀྱི་ཞིང་འབྲོག་ཚན་རྩལ་བྱ་གཞག་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་ཆེན་པོའང་ཕུལ་ཡོད། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་ཐིང་ཀྲང་ཏུའུ་ཅེས“ཁོང་གིས་རང་ཉིད་སྐུ་འཚོ་བཞུགས་སྐབས་ཀྱི་འདུན་པ་མངོན་འགྱུར་བྱུང་སྟེ་ས་གཞི་ཆེ་མོའི་ཐོག་གཞན་ཕན་ལས་ལ་གཞོལ་ནས་ཞིང་འབྲོག་པར་ཕན་པ་ཐོབ་པར་བྱས་ཡོད”ཅེས་བཤད།

སོན་བཟང་ས་མཐོའི་ས་གཞི་ཆེ་མོར་ཁྱབ་པར་བྱས་པ།

ཉི་མ་བཀྲ་ཤིས་སྐུ་འཚོ་བཞུགས་སྐབས་མཆིན་ནད་ཁ་པ་དང་གཅིན་སྙི་ཟ་ཁུའི་ནད་ཕོག་ནས་ལོ་མང་སོང་བ་དང་། ཉེ་དུས་ནད་གཞི་ཇེ་སྡུག་ཏུ་སོང་སྟེ་ཉིན་ལྟར་སྨན་བཟའ་བ་དང་གཤེར་མའི་ཕུང་རྩི་རྒྱག་དགོས་ཀྱི་ཡོད།

སྐབས་དེ་དུས་ཞིང་ལས་ཚན་རིག་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་བྱེད་བཞིན་པའི་པའོ་ཧྲེང་ཧྭ་ལ་དུས་ཆེན་དང་གུང་གསེང་རིང“ང་གཞུང་ལས་ཁང་དུ་ཡོད། ལུས་པོ་ཅུང་ཟད་འདར་གྱི་འདུག་པས་ལམ་སེང་ཟ་རྒྱུ་ཏོག་ཙམ་སྐྱེལ་རོགས”ཞེས་པའི་ཉི་མ་བཀྲ་ཤིས་ཀྱི་ཁ་པར་རྟག་ཏུ་འབྱོར་ནས་ཟ་ཁང་གི་མ་བྱན་ལ་ཐུག་པ་སྐྱེལ་དུ་འཇུག་གི་ཡོད།

སྐབས་རེ་པའོ་ཧྲེང་ཧྭ་ཡིས་ཁོང་དང་མཉམ་དུ་ཚོད་ལྟའི་ཞིང་ཁར་ལྟ་ཞིབ་བྱེད་པར་འགྲོ་གི་ཡོད་ཅིང་། ཉི་མ་བཀྲ་ཤིས་ཀྱིས་ཤོག་བྱང་ལ་ལྟ་མི་དགོས་པར་ཞིང་ཁ་གང་ཞིག་བཏབ་པ་ཤེས་ཀྱི་ཡོད། “ཡོན་ཀྲང་ཡིན་པའི་ངོས་ནས་ཁོང་ནི་ང་ཚོའི་རིགས་གཅིག་མཁས་ཅན་མང་པོ་ཞིག་ལས་ཞིང་ནང་དུ་སྡོད་ཡུན་རིང་བ་ཡོད”ཅེས་པའོ་ཧྲེང་ཧྭ་ཡིས་བཤད།

བཅར་འདྲི་དང་ལེན་བྱེད་སྐབས་བཅར་འདྲི་བྱེད་མཁན་གྱིས་གླེང་མང་ཤོས་ནི་ཉི་མ་བཀྲ་ཤིས་ནི་དཔོན་ཉམས་མེད་པའི་མི་ཞིག་དང་། “བཤེས་གཉེན་ནན་པོ་དང་པ་ཕ་བཟང་པོ”“ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ”བཅས་རེད། 2010ལོར་ཉི་མ་བཀྲ་ཤིས་ཀྱི་ནས་ཀྱི་སོན་གསོ་དང་འདེབས་གསོའི་ཞིབ་འཇུག་ཚོགས་པའི་ནང་ཞུགས་པའི་ལོ་45ལ་སླེབས་པའི་འབུམ་རམས་པ་ཙེང་ཤིང་ཆོན་གྱིས“གལ་སྲིད་ཡོན་ཀྲང་གི་ཐུགས་ཁུར་དང་སེམས་ཁམས་ཀྱི་ཤུགས་རྐྱེན་མེད་ཚེ་ང་ཕལ་ཆེར་སྔ་ས་ནས་ལས་གནས་ལས་བྲལ་ཏེ་དར་རྒྱས་ཆེ་བའི་གྲོང་ཁྱེར་དུ་ལས་ཀ་བྱེད་པར་སོང་ཡོད་ངེས་རེད”ཅེས་བཤད།

“ཁོང་གིས་གསར་དུ་སླེབས་པའི་བོད་སྐྱོར་ལས་བྱེད་པར་འཚོ་བ་དང་གཞུང་ལས་ཀྱི་སྒྲིག་ཆས་ཡག་ཤོས་བཀོད་སྒྲིག་བྱེད་དགོས་པའི་རེ་བ་བཏོན་ནས་ཁོ་ཚོ་བློ་བདེ་པོས་ལས་ཀ་བྱེད་དུ་འཇུག་གི་ཡོད”ཅེས་ཉི་མ་བཀྲ་ཤིས་དང་མཉམ་དུ་ལས་ཀ་ལོ་20ལྷག་ཙམ་བྱས་པའི་ཞིང་ལས་ཚན་རིག་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཡོན་ཀྲང་གཞོན་པ་བཀྲ་ཤིས་ཀྱིས་བཤད།

ཉི་མ་བཀྲ་ཤིས་སྐུ་གཤེགས་རྗེས་བོད་སྐྱོར་ལས་བྱེད་པ་ལྔ་ཡིས་རང་སོ་སོས་དངུལ་བཏང་སྟེ་པེ་ཅིང་དང་ལེའོ་ཉིང་སོགས་ས་ཆ་ནས་ལྷ་སར་མྱ་ངན་ཞུ་བར་ཡོང་ཡོད།

གསར་འགོད་པ་བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་དུ་བཅར་འདྲིར་སྐྱོད་སྐབས། ཉི་མ་བཀྲ་ཤིས་ཀྱི་གཞུང་ལས་ཁང་གི་སྒོ་རྩའི་ཕྱོགས་སྟོན་བྱང་བུའི་ཐོག་སྔར་བཞིན“གཞུང་དོན་སྒྲུབ་པར་བསྐྱོད”ཅེས་བྲིས་ཡོད་པ་མཐོང་སྐབས་ཞིང་འབྲོག་ཚན་རིག་ཁང་གི་ལས་བྱེད་ལས་བཟོ་ཡོངས་ཁོང་དང་ཁ་བྲལ་འདོད་མེད་པ་ཚོར་ཐུབ་ཀྱི་འདུག

ཁོང་དང་མཉམ་དུ་ནས་ལ་ཞིབ་འཇུག་ལོ་17བྱེད་མྱོང་བའི་ཐང་ཡ་ཝེའི་ལག་ཐོགས་ཁ་པར་ནང་ད་དུང“འདི་དག་ནི་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་འོམ་བུ་ཤང་ལྷོ་ཕྱོགས་གྲོང་ཚོའི‘བོད་ནས་ཨང་17པ’རེད། ཁྱེད་ཚོས་ས་གནས་ས་ཐོག་ཏུ་སོན་བཟང་དེར་བརྟག་དཔྱད་བྱེད་ཞོར་དུ་ས་གནས་དེ་གའི་ནས་སོན་བསྡུ་རུབ་བྱེད་དགོས། ཟླ་9ཚེས་23ཉིན་གྱི་ཡས་མས་སུ་བརྔ་བསྡུ་བྱེད་རན་ཡོད”ཅེས་ཁོང་སྐུ་མ་གཤེགས་གོང་ལས་ཀ་བཀོད་སྒྲིག་བྱས་པའི་སྐད་འཕྲིན་ཉར་ཡོད།

ཐང་ཡ་ཝེའི་ཡིས་སྐྱོ་སྣང་ཆེན་པོས“དེ་ནི་ཁོང་གིས་ལས་ཀ་བཀོད་སྒྲིག་བྱེད་ཐེངས་མཐའ་མ་དེ་རེད”ཅེས་བཤད།

(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་11ཚེས་5ཉིན་འབྱོར་བའི་གློག་འཕྲིན)

(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)