《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月06日

བསམ་གྲུབ་ཀྱི་ལས་གཏོད་ལམ་བུ་ཇེ་ཡངས་སུ་འགྲོ་བཞིན་པ།

ལྷ་སའི་བྱང་འདབས་ཁ་བཏགས་ཐང་ཆེན་དུ་དྲོ་སྐྱིད་ལྡན་པའི་ཟ་ཁང་ཞིག་ཡོད་ཅིང་། དེའི་ཞབས་ཞུའི་རྣམ་འགྱུར་ཧ་ཅང་ཡག་པོ་ཡོད་པར་བརྟེན་མི་མང་པོ་ཞིག་དེ་གར་ཡོང་དགའ་བས། ཚོང་ཧ་ཅང་ཡག་པོ་ཡོད། ཇ་ཁང་དེའི་སྦྱིན་བདག་ནི་གསར་གཏོད་བསམ་བློ་ལྡན་མཁན“90ནང་སྐྱེས”ཀྱི་ལས་གཏོད་པ་བསམ་གྲུབ་རེད།

Yummyཇ་ཁང་གི་སྦྱིན་བདག་བསམ་གྲུབ་ནི་ཉམས་མྱོང་ཕུན་སུམ་ཚོགས་པའི་ལས་གཏོད་མཁན་ཞིག་རེད། ཁོང་གིས་བོད་བཟོའི་ལག་ཤེས་ཀྱི་ཅོག་ལེ་བཟོ་མྱོང་ཡོད་ལ། དྲ་ཐོག་ཏུ་དར་ཁྱབ་ཆེ་བའི་རྩམ་པའི་ཅོག་ལེ་ཡང་བཟོ་མྱོང་ཡོད། ད་ཆ་ཁོང་གིས་ཟ་ཁང་ཞིག་བཙུགས་ཡོད་ཅིང་། ཁོང་གི་སྐད་ཆ་ལྟར་ན་རང་ཉིད་ཀྱི་ཕུགས་བསམ་དང་ཐག་ཇེ་ཉེར་ཕྱིན་ཡོད།

2019ལོའི་ཟླ་10པར། ལྷོ་ཁར་མ་བྱན་བྱེད་མཁན་གཅུང་པོ་ལྷ་སར་ཡོང་བ་དང་། ཁོང་གཉིས་ཀྱིས་མ་གྲོས་གཅིག་མཐུན་ངང་ཇ་ཁང་གཉེར་བའི་ལས་གཏོད་ལམ་བུར་བསྐྱོད། ལས་གཏོད་ལམ་བུའི་ཐོག་དཀའ་ངལ་ཇི་ཙམ་འཕྲད་རུང་། ཁོང་གིས་དཀའ་ངལ་དེ་དག་ཁྱད་བསད་བྱེད་པ་ལས། ཕྱིར་བཤོལ་གཏན་ནས་བྱེད་མྱོང་མེད།

ཇ་ཁང་མང་པོ་ཞིག་གི་ཐུག་པ་དང་ཤ་མོག་གི་པགས་པ་ཕྱི་ནས་ཉོ་གི་ཡོད། འོན་ཀྱང་ཁོང་གིས་དེ་དང་མི་འདྲ་བར་བོད་པའི་གྲོ་ཞིབ་བརྫིས་ཏེ་ཤ་མོག་མོག་བཟོ་གི་ཡོད། ཉོས་པའི་ཚགས་ཤ་ཚང་མ་སྤུས་ཀ་ཡག་ཤོས་ཡིན་པ་མ་ཟད། ཤ་མོག་གི་པགས་པ་ཚང་མ་རང་ཉིད་ཀྱིས་བརྫིས་ཀྱི་ཡོད་པས། Yummyཇ་ཁང་གི་ཤ་མོག་མོག་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད། ཐ་ན་སྐུ་མགྲོན་ཁག་གཅིག་གིས་ལམ་བར་གྱི་དུས་ཚོད་སྐར་མ་30འགོར་བར་མ་འཛེམ་པར་ཞོགས་པ་སྔ་པོ་ནས་དེ་གར་ཤ་མོག་མོག་བཟའ་བར་ཡོང་གི་ཡོད།

ཇ་ཁང་གི་ཚོང་གཙོ་བོ་ཇ་མངར་མོ་ཡིན་པ་དང་། སེ་ར་དགོན་པའི་ཇ་ཁང་གི་ཇ་མངར་མོ་ནི་ལྷ་སའི་མི་རྣམས་ཀྱིས་དགའ་ཤོས་བྱེད་པའི་ཇ་མངར་མོའི་གྲས་ཤིག་ཡིན་པས། བསམ་གྲུབ་དང་ཁོང་གི་གཅུང་པོས་ཆེད་མངགས་སེ་ར་དགོན་པའི་ཟ་ཁང་དུ་དུས་ཡུན་གཟའ་འཁོར་གཅིག་རིང་ཇ་མངར་མོ་བཟོ་སྟངས་སྦྱངས་པ་རེད། ཇ་མངར་མོའི་བྲོ་བ་ཞིམ་པོ་ཡོང་ཆེད། ཁོང་གིས་འོ་རྩམ་ལའང་དང་དོད་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

“ལས་གཏོད་བྱེད་རིང་རང་ཉིད་ལ་དཀའ་ངལ་སྣ་ཚོགས་འཕྲད་བྱུང་། དཔེར་ན་ཐོན་རྫས་ཡག་པོ་ཇི་ལྟར་བཟོ་དགོས་པ་དང་། ཐོན་རྫས་བྲིན་འཚོང་གི་ཐབས་ལམ་རྒྱ་ཆེར་ཇི་ལྟར་གཏོང་བ། ཐོན་རྫས་བཙོངས་རྗེས་ཀྱི་ཞབས་འདེཌ་ཇི་ལྟར་ཡག་པོ་ཞུ་དགོས་པ་བཅས་ལས། རང་ཉིད་ལ་ཉམས་མྱོང་མང་པོ་ཐོབ་པ་མ་ཟད། རང་ཉིད་ཀྱི་མི་འདང་བའི་ཆ་ཡང་མཐོང་ནས། མུ་མཐུད་སློབ་སྦྱོང་བྱ་རྒྱུའི་སེམས་ཤུགས་ཀྱང་སྐྱེས་བྱུང་། རྒྱུན་སྲིང་ལྷོད་མེད་དང་དཀའ་ངལ་ལ་མི་སྐྲག་ཚེ། རང་ཉིད་ཀྱི་ལས་གཏོད་ལམ་བུ་ཇེ་ཡངས་སུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བསམ་གྲུབ་ཀྱིས་བཤད།