《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月06日

སྐལ་བཟང་བསྟན་འཛིན་གྱིས་བརྗོད་དོན།

ལས་བྱེད་པ་རྒན་གྲས་བློ་ཡིད་ཚིམ་པར་བྱེད་པ་ནི་ངའི་བདེ་སྐྱིད་ཆེ་ཤོས་ཡིན།

“ལས་བྱེད་པ་རྒན་གྲས་བློ་ཡིད་ཚིམ་པར་བྱེད་པ་ནི་ངའི་བདེ་སྐྱིད་ཆེ་ཤོས་ཡིན”ཞེས་ལྷ་རྩེ་རྫོང་ལས་བྱེད་པ་རྒན་གྲས་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་བསྟན་འཛིན་གྱིས་རྒྱུན་དུ་དེ་ལྟར་ཤོད་ཀྱི་ཡོད་ལ་ལག་ལེན་དུའང་དེ་ལྟར་བྱེད་བཞིན་ཡོད།

2010ལོར་ལྷ་རྩེ་རྫོང་ལས་བྱེད་པ་རྒན་གྲས་ཅུས་ཀྱི་ཅུས་ཀྲང་བྱས་པ་ནས་བཟུང་། སྐལ་བཟང་བསྟན་འཛིན་གྱིས་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ཀྱི་རྒྱུན་གཏན་འཚོ་བར་ལྷག་བསམ་རྣམ་དག་དང་། སེམས་རྩ་འཁོལ་པོ། ཞིབ་ཚགས་པོའི་སྒོ་ནས་སེམས་ཁུར་བྱས་ཏེ་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ཀྱི་འཚོ་བའི་ཐོབ་ཐང་དོན་འཁྱོལ་བྱས་པ་མ་ཟད། ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་བློ་གཅིག་སེམས་གཅིག་གིས་ཡག་པོ་བསྒྲུབས་ཡོད།

སྐལ་བཟང་བསྟན་འཛིན་གྱིས་ལས་བྱེད་པ་རྒན་གྲས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱས་ནས་ཁོང་ཚོའི་ཚེ་མཇུག་གི་འཚོ་བ་འགན་ལེན་བྱ་རྒྱུ་དེ་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་གི་ཡོད། “རྒན་ཡོལ་ཞུས་པའི་ལས་བྱེད་པའི་འཚོ་བའི་ཐོབ་ཐང་གི་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ”དང་། “ལས་བྱེད་པ་རྒན་གྲས་ཀྱི་སློབ་སྦྱོང་དང་བྱེད་སྒོའི་འགྲོ་གྲོན་ལ་ནོར་སྲིད་སྔོན་རྩིས་ཀྱི་གཏོང་སྒོ་སྔར་བས་མང་དུ་གཏོང་བ”སོགས་ཀྱི་གནད་དོན་ལ་ཆེད་དོན་བརྟག་དཔྱད་ཞིབ་འཇུག་བྱས་ནས་སྔ་རྗེས་སུ་རྫོང་ཨུད་དང་རྫོང་སྲིད་གཞུང་ལ་བསམ་འཆར་དང་གྲོས་འགོ་ཐེངས་10ལྷག་ཙམ་བཏོན་པ་རེད། ཁོང་གིས་མཐུན་སྦྱོར་ཧུར་ཐག་བྱས་པར་བརྟེན་ནས་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས་མ་དངུལ་ཁྱོན་སྒོར་ཁྲི་67བཏང་བ་རེད། ལས་བྱེད་པ་རྒན་གྲས་ཀྱི་ཚེ་མཇུག་གི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། ཁོང་གིས་རིག་རྩལ་བྱེད་སྒོ་སྣ་ཚོགས་གཉེར་ཏེ་ལས་བྱེད་པ་རྒན་གྲས་ཀྱི་བསམ་བློའི་རིག་གནས་ཀྱི་དགོས་མཁོ་བསྐངས་བ་རེད། ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བཟོའི་དགའ་མོས་ལ་གཞིགས་ཏེ་ལས་བྱེད་རྒན་གྲས་པུའི་བྱེད་སྒོའི་ལྟེ་གནས་ལས་སྟེགས་སུ་བྱེད་པ་དང་། ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་གཙོ་བོར་བྱས་ནས། “ལས་བྱེད་པ་རྒན་གྲས་ཀྱི་ལུས་སྦྱོང་རུ་ཁག”དང་། “རྒན་རྒོན་གྱི་མཉམ་གཞས་རུ་ཁག” “རྒན་རྒོན་ཞབས་ཞུའི་རུ་ཁག”སོགས་དགའ་མོས་ཚོགས་པ་བཙུགས་ནས་ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ལས་ཞོར་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་བ་རེད།

དེ་དང་དུས་མཚུངས་གཞི་རིམ་མང་ཚོགས་ཁྲོད་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་སྙན་གྲགས་དང་། ལས་སྒོའི་ལག་རྩལ་བྱང་བའི་ལེགས་ཆ་གང་ལེགས་འདོན་ཆེད། སྐལ་བཟང་བསྟན་འཛིན་གྱིས་ལས་བྱེད་པ་རྒན་གྲས་དང་། ངལ་རྩོལ་དཔེ་བཟང་བ། དགེ་རྒན་རྒན་པ། སྨན་པ་རྒན་པ་བཅས་ལས་གྲུབ་པའི་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ཏེ། སྨན་སྐྱེལ་བ་དང་སྨན་བཅོས་བྱེད་སྒོ་སྤེལ་བ་མ་ཟད། མ་དངུལ་རང་གྲབས་དང་། གཅེས་སེམས་འཆང་བའི་ཞལ་འདེབས་རྒྱག་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ཞིང་འབྲོག་མང་ཚོགས་དང་། གྲྭ་བཙུན། གྲོང་སྡོད་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་བཅས་ལ་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱེད་པ་སོགས་བྱས་པ་རེད།

(པ་སངས་ཚེ་རིང་གིས་བསྒྱུར། བསོད་བདེ་ཆུང་བ་དང་པ་ཚེས་ཞུས)