《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月06日

བྱང་ཐང་དབུས་སུ་ཏང་དར་ལྷབ་ལྷུབ་ཏུ་གཡོ།

—— སྒེར་རྩེ་རྫོང་གིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་ལས་དོན་སྔོན་དུ་སྤེལ་རྒྱུར་མིག་དཔེ་བཏོན་པ།

འདི་ལོ་ཚུན་དུ། ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་། ལམ་ལུགས་འཛུགས་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་བརྟན་ལྷིང་འགན་སྲུང་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ་དང་། ཏང་འཛུགས་སྐྱོང་ལས་དོན་གྱི་འདུ་ཤེས་དང་། རྣམ་པ། གཞི་རྟེན། ལམ་སྲོལ་བཅས་གསར་གཏོད་བྱ་ཆེད། སྒེར་རྩེ་རྫོང་གིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ་ཆབ་སྲིད་འཛུགས་སྐྱོང་གི་སྲོག་ཤིང་ལ་དམིགས་པས། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་དང་གཞི་རིམ་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་ཉིན་བཞིན་མངོན་གསལ་དོད་པའི་རྣམ་པ་གསར་པ་ཆགས་ཏེ། སྒེར་རྩེ་རྫོང་གི་ཏང་འཛུགས་སྐྱོང་ལས་དོན་མདུན་གྲལ་ལ་སླེབས་པ་དང་མིག་དཔེ་འདོན་རྒྱུར་སྐུལ་འདེད་ཐུབ་ཡོད་པ་རེད།

ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ཁྲོད་དུ། སྒེར་རྩེ་རྫོང་ཨུད་རྩ་འཛུགས་པུས་སྔ་བར་ཕྱི་གསུམ་དུ་ཚན་རིག་དང་མཐུན་པའི་འདུ་ཤེས་ལ་བརྟེན་ནས་ཞིང་འབྲོག་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཇུས་འགོད་མཐའ་འཁྱོངས་བྱེད་པ་དང་། གསར་གཏོད་ཀྱི་བྱེད་ཐབས་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་བཏང་སྟེ། “ཅན་ལྔའི་ལས་དོན་བྱེད་ཐབས”འཚོལ་ཞིབ་བྱས་ནས་ཁྱབ་གདལ་བཏང་བ་རེད།

ལས་དོན་འཆར་འགོད་ཞིབ་འཇུག་བྱ་གཞིར་འགྱུར་བ་བྱས་ནས། སློབ་སྦྱོང་བརྟག་ཞིབ་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲི་པུའི་སློབ་སྦྱོང་གྲོས་བསྡུར་ཐེངས་245དང་། ཀྲི་པུའི་ཏང་ཡོན་ཚོགས་ཆེན་ཐེངས་96 ཀྲི་པུའི་ཧྲུའུ་ཅིའི་ཏང་གི་སློབ་ཚན་ཐེངས་49འཚོགས་པ་དང་། ཕྱིར་སྐྱོད་གསོ་སྦྱོང་དང་སློབ་སྦྱོང་སོགས་ཀྱི་རྣམ་པ་སྣ་ཚོགས་ལ་བརྟེན་ནས། བརྟག་དཔྱད་སྙན་ཞུ་ཁག་བཞི་འགྲུབ་ཡོད། 《ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གྱི་སྦྱོང་དགོས་ངེས་ཀྱི་སློབ་ཚན》ཞེས་པའི་དེབ་150གཅིག་གྱུར་མངགས་ཉོ་བྱས་ནས་སྤྲད་པ་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་གྲོང་གསེབ་ཀྱི་ལས་དོན་སྲོལ་ཡིག》སོགས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་གྱི་གོ་ཆོད་རང་བཞིན་དང་། ཡང་དག་རང་བཞིན། ཚན་རིག་དང་མཐུན་པའི་རང་བཞིན་བཅས་ལ་ཤུགས་སྣོན་བརྒྱབ་པ་རེད། དོན་དངོས་དང་ཟུང་འབྲེལ་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་སོགས་གཙོ་གནད་རྣམས་གྲངས་8གཏན་འཁེལ་བྱས་ཏེ། ཐབས་ཇུས་བཀོད་སྒྲིག་གི་སྔ་བལྟས་ཕྱི་བསམ་རང་བཞིན་དང་། ཚན་རིག་དང་མཐུན་པའི་རང་བཞིན། གོ་ཆོད་རང་བཞིན་བཅས་འགན་ལེན་བྱས་པ་རེད།

ལས་དོན་གྱི་དམིགས་ཚད་ལམ་སྲོལ་ཅན་དུ་འགྱུར་བ་བྱས་ཏེ། འགན་འཁྲིའི་ལམ་སྲོལ་བཙུགས་ནས་ཏང་ཨུད་ཀྱི་ཧྲུའུ་ཅིས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་དམིགས་ཚད་འགན་འཁྲིའི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་པ་དང་། རྫོང་ཨུད་ཀྱིས་ཏང་འཛུགས་སྐྱོང་གི་ལས་དོན་བཀོད་སྒྲིག་ཚོགས་འདུ་ཐེངས་2འཚོགས་པ། རིམ་ཁག་ཏང་ཨུད་ཀྱིས་ཏང་འཛུགས་སྐྱོང་གི་ལས་དོན་བཀོད་སྒྲིག་ཚོགས་འདུ་ཐེངས་21འཚོགས་པ། ཏང་འཛུགས་སྐྱོང་གི་ལས་དོན་གྱི་ལས་འགན་26ཞིབ་ཚགས་སུ་བཏང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འགན་འཁྲིའི་ཚན་པ་101ཁ་གསལ་བཏོན་པ། རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཀྲི་པུའི“མཐོར་གཏོང་གཉིས་དང་སྐུལ་འདེད་གཉིས”ཀྱི་ཚད་ལྡན་ཅན་འཛུགས་སྐྱོང་གཏིང་ཟབ་བྱེད་པའི་འདུ་འགོད་ལག་ལེན་བསྟར་བ། བོད་ལྗོངས་མི་རིགས་སློབ་ཆེན་དང“སློབ་གྲྭ་དང་ས་ཁུལ”གྱི་མཉམ་ལས་ལས་སྟེགས་བསྐྲུན་པ་བཅས་རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཚད་གཞི་ཅན་གྱི་འཛུགས་སྐྲུན་དམིགས་ཚད་སྤྱིར་ན་འགྲུབ་པའི་རྨང་གཞིའི་ཐོག རྫོང་སློབ་འབྲིང་གི་ཀུན་སྤྱོད་སློབ་གླིང་དང་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་ཀྱི་འདུ་འགོད་གཙོ་གནད་ཐོག་བཏོད་པ་རེད།

ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ཚད་ལྡན་ཅན་དུ་འགྱུར་བ་བྱས་ཏེ་གྲོང་ཚོའི་ལས་བྱེད་པ་དང་ཏང་ཡོན་མི་ཐེངས་276ལ་ནག་ཚོགས་དང་འབྲེལ་བ་ཡོད་མེད་གྲལ་བཤེར་བྱས་པ་དང་། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་4དང་འབྲིང་རིམ་གྲོང་ཚོའི་ཏང་རྩ་འཛུགས་184གཏན་འཁེལ་བྱས་པ་དང་། དག་ཐེར་ཇུས་གཞི་23བཟོས་པ། དག་ཐེར་ཐིམ་པའི་དུས་ཚོད་དང་ལས་ཡུན་ཁ་གསལ་བཟོས་པ་བཅས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་གཞན་སྒྱུར་དང་རིམ་སྤོར་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་ཀྲུང་དབྱང་གི་དངུལ་སྒོར་ཁྲི་200བརྩོན་ལེན་བྱས་ནས་རྣམ་གྲངས་4འཕེལ་རྒྱས་གཏོང་བའི་གཏན་འཁེལ་བྱས་པ་དང་། 《སྒེར་རྩེ་རྫོང་གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ལས་བྱེད་པའི་ལས་བསྐོས་ཆ་རྐྱེན་འོས་བབ་མཉམ་བཤེར་བྱེད་ཐབས》བཀྲམ་ནས། སྒེར་རྩེ་རྫོང་ལུང་རི་གྲོང་ལྷན་དང་གངས་རོ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་མི་གཉིས་བརྗེས་པ་དང་། ཕུགས་འདུན་གྲོང་གསར་སྡེ་ཁུལ་གྱི“ཨུ་ལྷན་གཉིས”ཀྱི་རྫོང་རིམ་པའི་མི་7ལ་མཉམ་བཤེར་བྱས་པ། ཧྲུའུ་ཅི་དང་པོ་7ཧྲག་འདེམས་བྱས་པ། གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་རྗེས་གྲབས་ལས་བྱེད་པ་98བདམས་པ། གྲོང་གསེབ་དར་རྒྱས་ཀྱི་ཆེད་དོན་མ་དངུལ་སྒོར་ཁྲི་46དོན་འཁྱོལ་བྱས་པ་བཅས་རེད། གྲོང་ཁྱེར་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཏང་དོན་ལས་དོན་པ་5གསོ་སྦྱོང་བྱས་པ་དང་། ཏང་ཡོན་ལས་བྱེད་པ་མི་ཐེངས་600ལྷག་ཙམ་ལ་གསར་བརྗེའི་རིག་གནས་ཀྱི་ཏང་གཤིས་སློབ་གསོ་བཏང་བ། ཏང་ཡོན་གྱིས་ཆོས་དད་མི་བྱེད་པའི་ཁས་ལེན་ཡི་གེ་3303ལ་མིང་རྟགས་བཀོད་པ། ཏང་ཡོན་མི་ཐེངས་260ལྷག་ཙམ་ལ་ཉེན་བརྡའི་སློབ་གསོ་བཏང་བ། ཆེད་དོན་སྲིད་གཙང་ཏང་གི་སློབ་ཚན་ཐེངས་112འཚོགས་པ་བཅས་རེད།

ལས་དོན་ལྟ་སྐུལ་རྩིས་ཁྲ་ཅན་ཡོང་བ་བྱས་ཤིང་། “བྱང་ཐང་གི་དཀྱིལ་དབུས། གསར་བརྗེའི་སྒེར་རྩེ”ཞེས་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏིང་ཟབ་གཏོད་པའི་ལོའི་བླང་བྱར་དམ་པོར་དམིགས་ཏེ། སྒེར་རྩེ་རྫོང་གི་ཕུགས་འདུན་གྲོང་གསར་གྱི་ཏང་འཛུགས་སྐྱོང་གི་རིག་གནས་བར་ཁྱམས་དང་། སྒེར་རྩེ་རྫོང་ཨུར་ཆེན་གྲོང་ཚོའི་སྣོད་བཅུད་རིག་གནས་དཔེ་སྟོན་གྲོང་ཚོ། དུང་མཚོ་གྲོང་ཚོ། སྒེར་རྩེ་རྫོང་སློབ་འབྲིང་གི་ཀུན་སྤྱོད་སློབ་གླིང་སོགས་སུ་རྩིས་ཁྲ་བརྒྱད་བཟོས་ནས་འགུལ་རྣམ་གྱི་ལྟ་སྐུལ་མཛུབ་ཁྲིད་ཐེངས་10ལྷག་ཙམ་བྱས་པ་དང་། རང་འགུལ་ངང་ས་ཨུད་རྩ་འཛུགས་པུའུ་ལ་ཏང་འཛུགས་སྐྱོང་ལས་དོན་གྱི་སྙན་སེང་ཐེངས་12ཞུས་པ་དང་། རྫོང་ཨུད་རྒྱུན་ལས་ཨུ་ལྷན་དང་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུར་ཏང་འཛུགས་སྐྱོང་ལས་དོན་གྱི་སྙན་སེང་ཐེངས་2ཞུས་པ། ཤང་དྲུག་དང་གྲོང་རྡལ་གཅིག་དང་རྫོང་ཐད་གཏོགས་ལས་ཁུངས་ཏང་ཀྲི་པུའུ་ལ་ལྟ་སྐུལ་མཛུབ་ཁྲིད་ཐེངས་2བྱས་པས་སྒེར་རྩེ་རྫོང་གི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གཏིང་ཟབ་དང་ཡག་པོ་སྤེལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།

ལས་དོན་གྱི་ལས་ཕྱོད་དཔྱད་ཞིབ་ཅན་དུ་འགྱུར་བ་བྱས་ཏེ།2019ལོ་འཁོར་གྱི་ཕུལ་བྱུང་གྲོང་ཚོའི(གྲོང་ལྷན)ལས་བྱེད་པ་22དང་ལས་སྒོ་འཕེར་བའི་ལས་བྱེད་པ་218དཔྱད་འདེམས་བྱས་ཏེ་ལས་རྗེས་དཔྱད་ཞིབ་ཀྱི་དངུལ་བསྡོམས་སྒོར་ཁྲི་14.59ལྷག་ཙམ་དོན་འཁྱོལ་བྱས་པ་རེད།