《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月06日

ཚན་རྩལ་ཞབས་ཞུ་ཧུར་ཐག་སྤེལ། རེ་བའི་འབྲས་བཟང་ཞིང་སར་སྨིན།

—— རང་ལྗོངས་ཀྱི་ཞིང་འབྲོག་ཚན་རྩལ་མི་སྣ་སྟོང་གིས་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་ལག་རྩལ་གྱི་ཞབས་འདེཌ་ཞུས་པའི་སྐོར་བཀོད་པ།

ཆབ་མདོ་གྲོང་ཁྱེར་ཞིང་འབྲོག་ཚན་རྩལ་མི་སྣ་སྨར་ཁམས་རྫོང་གི་རྒུན་འབྲུམ་རྟེན་གཞིར་བསྐྱོད་དེ་ཞིང་འབྲོག་པར་དབྱར་དུས་ཀྱི་ལྕུག་ཕྲན་དོ་དམ་ལག་རྩལ་གསོ་སྦྱོང་བྱེད་བཞིན་པ།

ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཚན་རྩལ་མི་སྣས(གཡས)ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སོ་དྲུག་ཤང་དུ་ཀུ་ཤུ་འདེབས་འཛུགས་ལག་རྩལ་གསོ་སྦྱོང་བྱེད་བཞིན་པ།

འདི་ལོའི་ལོ་འགོ་ནས་བཟུང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ཞིང་ལས་ཐོན་སྐྱེད་ལས་དོན་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡག་པོ་དང“ཕྱོགས་གཉིས་ཀར་དམ་འཛིན”དང“ཕྱོགས་གཉིས་ཀར་འཐུས་ཤོར་མི་འགྲོ་བ”མཐའ་འཁྱོངས་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ“རྒྱལ་ཁ་གཉིས་ཐོབ”ཡོང་བའི་འགན་ལེན་ཏན་ཏིག་བྱ་ཆེད། རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་ཚན་རྩལ་མི་སྣ་སྟོང་གིས་འཐབ་ས་དང་པོར་ལག་རྩལ་གྱི་ཞབས་འདེགས་ཞུ་བའི་ལས་དོན་སྤེལ་འགོ་བཙུགས་པ་དང་ཚན་རྩལ་མི་སྣ་2000ལྷག་ཙམ་གྱིས་ཟླ་གསུམ་པའི་ཟླ་སྨད་ནས་བཟུང་། ནས་དང་། འབྲི་གཡག བོད་ཕག བོད་ལུག དཀར་ཆུའི་ཐོན་ལས། སྔོ་ཚལ། གཟན་རྩྭ་བཅས་ཞིང་འབྲོག་ལས་ཀྱི་གཙོ་ཁྲིད་ཐོན་ལས་ཆེ་གྲས་བདུན་ལ་དམིགས་ནས། གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་ལག་རྩལ་གྱི་ཞབས་འདེགས་ཞུ་བར་བསྐྱོད་པ་མ་ཟད། ཏང་གི་ཞིང་དར། ཞིང་ཕན། ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་དྲིལ་བསྒྲགས་གཏིང་ཟབ་བྱས་པ་དང་ཞིང་འབྲོག་ལས་ལ་ཕན་པའི་ལག་རྩལ་དང་། ཚན་རྩལ་གྱི་གྲུབ་འབྲས། ཁྲོམ་རའི་ཆ་འཕྲིན་བཅས་དུས་ཐོག་ཏུ་ཞིང་ཁ་དང་འབྲོག་རར་ཁྱབ་གདལ་ཡང་བཏང་ཡོད།

ཞབས་ཞུ་བྱེད་སྟངས་དེ་བས་མང་བ།

འདི་ལོར་ལྗོངས་ཞིང་འབྲོག་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་སུའོ་ཡི་ཚན་རྩལ་མི་སྣ་ཉིང་ཁྲི་དང་ལྷོ་ཁ་སོགས་སུ་ཡང་ཡང་བསྐྱོད་དེ་སྔོ་ཚལ་ཐོན་སྐྱེད་དང་ཤིང་འབྲས་འདེབས་འཛུགས་ལ་མཛུབ་ཁྲིད་བྱས་པ་རེད།

“ཚན་རྩལ་མི་སྣས་ང་ཚོ་དང་མཉམ་དུ་ཚལ་བཏབ་ནས་སུར་པན་འདེབས་སྐབས་ས་འདྲུ་བའི་གཏིང་ཚད་དང་འཇོག་དགོས་པའི་བར་ཐག་སོགས་ཀྱི་ཤེས་བྱ་བསླབས་བྱུང་བས། ང་ཚོས་ཚན་རིག་དང་མཐུན་པའི་འདེབས་འཛུགས་ལག་རྩལ་ཤེས་བྱུང”ཞེས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྣང་གྲོང་རྡལ་གྱི་མང་ཚོགས་རྣམ་རྒྱལ་གྱིས་བཤད།

ལྗོངས་ཞིང་འབྲོག་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ལི་ཡན་ཧྥུང་ནི་རྒུན་འབྲུམ་འདེབས་འཛུགས་ཐད་ཀྱི་རིགས་གཅིག་མཁས་ཅན་ཡིན། ཁོང་གིས“དུས་ཚིགས་ནི་ཧ་ཅང་གལ་ཆེ། རྒུན་འབྲུམ་སྐྱེས་ནས་ཉིན་གཉིས་གསུམ་སོང་རྗེས་འགྱུར་ལྡོག་འགྲོ་བས། ཁོང་ཚོར་དོ་དམ་བྱེད་སྟངས་དང་ལག་རྩལ་ཡག་པོ་ཁྲིད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན། ང་ཚོས་འགག་རྩའི་དུས་སུ་མཛུབ་ཁྲིད་བྱེད་པར་ཡོང་བ་ཡིན། ལས་དོན་ཁག་ཞིབ་ཚགས་བསྒྲུབས་ཚེ། གཞི་ནས་སྤུས་འབོར་མཐོར་གཏོང་གི་དམིགས་ཡུལ་འགྲུབ་ཐུབ”ཅེས་བརྗོད།

རང་སྐྱོང་ལྗོངས་ཀྱིས་སྒྲིག་འཛུགས་བྱས་པའི་ཚན་རྩལ་ཞབས་ཞུའི་མི་སྣའི་ནང་མཐོ་རིམ་གོ་མིང་ཐོབ་མཁན་91དང་། འབྲིང་རིམ་གོ་མིང་ཐོབ་མཁན་31 དམའ་རིམ་གོ་མིང་ཐོབ་མཁན་28བཅས་ཡོད་པ་རེད། “འདེམས་གཏོང་བྱས་པའི་ཚན་རྩལ་ཞབས་ཞུའི་དཔུང་ཁག་གིས་རང་ལྗོངས་ཀྱི་ཞིང་འབྲོག་ཚན་རྩལ་དཔུང་ཁག་གི་ཆུ་ཚད་མཐོ་ཤོས་ཀྱི་ཚབ་བྱེད་ཐུབ། ཚན་རྩལ་མི་སྣ་ཡོངས་ཞིང་འབྲོག་ཆེད་ལས་48དང་འབྲེལ་བ་ཡོད་པས་ཐོན་སློབ་ཞིབ་གསུམ་དང་། འདེབས་གསོ། ལས་སྣོན་སོགས་རིག་ཚན་ཡོངས་ལ་ཁྱབ་ཡོད”ཅེས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ཚན་སློབ་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲང་ཡའོ་ཧྥུང་གིས་བརྗོད།

ཞབས་ཞུའི་ཁྱབ་ཁོངས་དེ་བས་རྒྱ་ཆེ་བ།

“གཞིས་རྩེ་ནི་རང་ལྗོངས་ཀྱི་ཞོག་ཁོག་ཐོན་ཁུལ་གཙོ་བོ་ཡིན་པ་དང་དེས་ལྗོངས་ཡོངས་ཀྱི་འདེབས་འཛུགས་གཞི་ཁྱོན་གྱི་60%ཡན་བཟུང་ཡོད། དེའི་ནང་རྣམ་གླིང་རྫོང་ནི་འདེབས་འཛུགས་གཞི་ཁྱོན་ཆེ་ཤོས་ཡིན་པས་འདི་ལོར་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་4.6ཟིན་ཡོད”ཅེས་ལྗོངས་ཞིང་འབྲོག་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་རྒྱལ་ཁབ་ཞོག་ཁོག་ཐོན་ལས་ལག་རྩལ་མ་ལག་ལྷ་སའི་ཕྱོགས་བསྡུས་ཚོད་ལྟའི་ས་ཚིགས་ཀྱི་ཀྲན་ཀྲང་ཙེང་ཡུས་ཐིང་གིས་ངོ་སྤྲོད་བྱས། ཁོང་ཚོའི་ཚོགས་ཆུང་གིས་ཞོག་ཁོག་འདེབས་འཛུགས་ཐད་ཀྱི་ལག་རྩལ་མཛུབ་ཁྲིད་བྱེད་པའི་འགན་ཁུར་ཡོད།

མིག་སྔར། རང་ལྗོངས་ཀྱི་ཞོག་ཁོག་འདེབས་ཁྱོན་མུའུ་ཁྲི་23ཙམ་ཟིན་པ་དང་མུའུ་རེའི་ཆ་སྙོམས་ཐོན་འབོར་སྤྱི་རྒྱ་1500ཙམ་ཟིན་གྱི་ཡོད། “དེ་སྔོན་ཞིང་འབྲོག་སྡེ་ཚན་གྱིས་ལག་རྩལ་མཛུབ་ཁྲིད་དང་ཞབས་ཞུའི་ལས་དོན་དེ་རིགས་རྟག་ཏུ་སྤེལ་གྱི་ཡོད། ཡིན་ནའང་ལས་ཀ་མང་ཆེ་བ་ནི་རྣམ་གྲངས་སྤེལ་ཡུལ་དུ་བྱེད་ཀྱི་ཡོད་པས་ཁྱབ་ཁོངས་ཅུང་ཆུང་། འདི་ལོའི་མཛུབ་ཁྲིད་བྱེད་ཁྱོན་སྔར་ལས་ཆེ་རུ་ཕྱིན་ཡོད”ཅེས་ཙེང་ཡུས་ཐིང་གིས་བརྗོད།

ཞབས་ཞུའི་ཕན་འབྲས་དེ་བས་ལེགས་པ།

ལག་རྩལ་ཞབས་ཞུའི་ལས་དོན་སྤེལ་འགོ་ཚུགས་རྗེས། ལྷ་ས་ཚོགས་ཆུང་གིས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ཀྱི་ལག་རྩལ་མི་སྣ་199སྒྲིག་འཛུགས་བྱས་ཏེ་ཟླ་3ཚེས་10ཉིན་ནས་བཟུང་གྲོང་གསེབ་ཏུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་དང་ལག་རྩལ་གྱི་ཞབས་འདེགས་ཞུས་ནས་གནད་དོན་50ལྷག་ཙམ་ཤེས་རྟོགས་བྱུང་ཡོད།

ལྷོ་ཁ་ཚོགས་ཆུང་གི་རིགས་གཅིག་མཁས་ཅན་ཚོགས་པས་བ་གླང་གི་རྒྱུད་པ་ལེགས་གཏོང་དང་། བྱ་རིགས་གསོ་སྤེལ(བོད་བྱ) སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན(ནད་སློང་རང་བཞིན་ཆེ་བའི་བྱ་རིགས་ཀྱི་ཆམ་ནད)མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་སོགས་ལ་དམིགས་ནས་ལག་རྩལ་གྱི་ཞབས་འདེགས་ཞུས་ཡོད་ལ། ས་གནས་དེ་གའི་ས་བོན་དང་། རིམས་འགོག་སྨན་ཁབ། ཕྱུགས་སྨན་སོགས་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་འཕྲལ་མཁོའི་དངོས་ཟོག་ཁག་གཅིག་ཐག་གཅོད་བྱེད་རོགས་བྱས་ཡོད།

ཉིང་ཁྲི་ཚོགས་ཆུང་གིས་ཇ་དང་། བོད་ཕག སྨན་རྩྭ་སོགས་ཀྱི་ལས་དོན་ལ་དམིགས་ནས་ལག་རྩལ་གྱི་ཞབས་འདེགས་ཞུས་ཡོད།

ཉིན་100ཙམ་གྱི་ཚན་རྩལ་ཞབས་ཞུའི་ལས་ཀའི་ཁྲོད་ཚན་རྩལ་མི་སྣས་ཞིང་ནང་དང་མུ་ཁར་བསྐྱོད་དེ་མང་ཚོགས་ཀྱི་འདེབས་འཛུགས་དང་། གསོ་སྤེལ། ཐོན་ལས་འཕེལ་རྒྱས་སོགས་ཐད་ཀྱི་ཞིབ་ཕྲའི་གནད་དོན་རྒྱུས་ལོན་ཞིབ་ཕྲ་བྱས་པ་མ་ཟད། གནད་དོན་དེ་དག་གནད་ལ་འཁེལ་པོས་ཐག་གཅོད་བྱས་སྟབས་མི་སེར་གྱི་དགའ་བསུ་ཆེན་པོ་དང་གྲུབ་འབྲས་བཟང་པོ་ཐོབ་ཡོད།

(བཀྲ་ཤིས་སྒྲོལ་མ་དང་བསོད་ནམས་དབང་མོས་སྒྱུར་ཞུས་བྱས)