《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月06日

བག་མེད་ལྷོད་གཡེང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་ལས་ཀའི་འགན་འཁྲི་ནན་དུ་བཏང་སྟེ།

རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་བྱེད་དགོས།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་4ཉིན་གནས་ཚུལ་འབྱོར་གསལ། ཟླ་11ཚེས་3ཉིན་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་། གྲོང་ཁྱེར(ས་ཁུལ) རྫོང(གྲོང་ཁྱེར་དང་ཆུས)ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོ་བོད་ཀྱི་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་ཡོད་པ་རེད།

རྒྱལ་ཡོངས་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་གྲོལ་རྗེས། རང་ལྗོངས་ཀྱིས་ཉེ་དུས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཙོ་གནད་ལས་དོན་སྔར་བས་བཀོད་སྒྲིག་བྱས་པ་རེད།

ཅང་ཅེས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངོས་འཛིན་ཟབ་ཏུ་གཏོང་བ་དང་། བག་མེད་ལྷོད་གཡེང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ་དམ་འཛིན་བྱེད་པ་བཅས་ལ་བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་སྔར་བས་བརྟན་དུ་གཏོང་དགོས། རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྔོན་ཐོན་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཉམས་མྱོང་དང་བྱེད་སྟངས་སློབ་སྦྱོང་ཡག་པོ་བྱས་ནས། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། རིམས་ནད་ཕྱི་ནས་མ་འགོ་བ་བྱེད་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ། མི་དང་ཅ་དངོས་གཉིས་ཀར་སྔོན་འགོག་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གཙོ་གནད་མི་ཚོགས་དང་། གཙོ་གནད་ཁུལ། གཙོ་གནད་ཁ་ཕྱོགས་བཅས་ལ་སྔོན་འགོག་དང་ཚོད་འཛིན་དང་བརྟག་དཔྱད་བྱེད་པའི་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་མཚམས་འཛུལ་སྒྲོལ་གྱི་དངོས་ཟོག་དང་མི་སྣར་སྔོན་འགོག་རང་བཞིན་གྱི་དུག་སེལ་བརྟག་དཔྱད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། འཕྲལ་སྡོམ་ཐག་གཅོད་སྔོན་ཇུས་ཞིབ་ཕྲ་བཟོ་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྔོན་ཇུས་ནང་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། འགོག་སྲུང་གི་འདུ་ཤེས་ཟབ་ཏུ་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་བ། ཏོག་གསར་གློ་ཚད་རིམས་ནད་འཕྲལ་སྡོམ་སྔོན་འགོག་དང་ཚོད་འཛིན་གྱི་ལག་བསྟར་གོ་རིམ་ཤེས་པ་བྱེད་པ་བཅས་ཀྱི་ཐོག་ནས་མི་ཚོགས་རང་བཞིན་དང་འདུ་འཛོམས་རང་བཞིན་གྱི་རིམས་ནད་ཐོན་སྐབས། དུས་ཐོག་དང་གནད་ལ་འཁེལ་བའི་ངང་ཁ་གཏད་གཅོག་ཐུབ་པའི་འགན་ལེན་བྱེད་དགོས། ཁོངས་གཏོགས་ས་ཆའི་དོ་དམ་དང་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་ནན་དུ་བཏང་སྟེ། སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ནན་ཏན་དང་ཞིབ་ཚགས་ངང་ཡག་པོ་སྒྲུབ་དགོས། མང་ཚོགས་ལ་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། མང་ཚོགས་ལ་ཚན་རིག་དང་མཐུན་པའི་ངང་འགོག་སྲུང་ཡག་པོ་བྱེད་རྒྱུར་ཁྲིད་སྟོན་བྱེད་པ། རིམས་ནད་མཆེད་ལམ་མཐའ་གཅིག་ཏུ་འགོག་པ་བཅས་བྱས་ནས་རིམས་ནད་སླར་ཡང་མི་ཐོན་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

(ཚེ་དབང་ལྷ་མོས་བསྒྱུར། པ་ཚེས་ཞུས)