《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月06日

“དམག་འཐབ་ནང་མཉམ་དུ་ཞུགས་མྱོང་བའི་འཐབ་གྲོགས་དྲན་གྱི་འདུག”

འདི་ནི་བགྲེས་སོང་ཀྲང་རུའེ་ཐང(གཡས)གིས་གསར་འགོད་པར་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་རྗོད་བཞིན་པ།

རང་ཉིད་ཆབ་མདོའི་གཡུལ་འགྱེད་རྗེས་སུ་འཕྲལ་མར་དམག་དཔུང་དང་མཉམ་དུ་བོད་ལ་ཡོང་མེད། རྩ་འཛུགས་ཀྱི་བཀོད་སྒྲིག་བཞིན། ང་ལྷོ་ནུབ་སྤྱི་བདེ་པུའི་ལས་བྱེད་སློབ་གྲྭའི་གསོ་སྦྱོང་ནང་ཞུགས་ནས་གཙོ་བོ་མཐའ་སྲུང་དང་མཐའ་མཚམས་བརྟན་གཏོང་གི་སྲིད་ཇུས་དང་། བོད་སྐད་དང་བོད་ཀྱི་དམངས་སྲོལ་སོགས་ཀྱི་སྐོར་སློབ་སྦྱོང་བྱས་པ་ཡིན། གསོ་སྦྱོང་དེ་བརྒྱུད་རང་ཉིད་ཀྱི་སེམས་པ་ངང་གིས་བོད་ལ་ཆགས་སོང་།

1952ལོའི་ཉིན་ཞིག་ལ་ང་ཚོར་འཕྲལ་མར་དཔུང་སྡེ་ཁྲིད་ནས་བོད་དུ་བསྐྱོད་ཟིན་པའི་དཔུང་སྡེར་འབྲུ་རིགས་དང་འཚོ་བའི་མཁོ་ཆས་དབོར་རྒྱུའི་ལས་འགན་ཞིག་འབྱོར།

དཔུང་ཁག་རྒྱང་སྐྱོད་ཀྱི་ལམ་དུ་ཞུགས་སྐབས་གཞི་ནས་ཐེངས་འདིའི་འགྲུལ་བཞུད་ལ་དཀའ་ཚེགས་དང་ཉེན་ཁ་ཆེ་བ་ཚོར་བྱུང་། ང་ཚོ་དཀར་མཛེས་དང་། གཡུ་ལུང་། འབྲི་ཆུའི་རྐང་ཚ་གྲུ་ཁ། ཡུལ་ཤུལ། མགོ་ལོག ནག་ཆུ་བཅས་བརྒྱུད་བོད་དུ་བསྐྱོད་པ་ཡིན། རུས་ཟུག་རྒྱག་པའི་གྲང་ངར་ཁྲོད་ང་ཚོས་བཀྲེས་ལྟོགས་ལ་མ་འཛེམས་པར་དུས་དང་རྣམ་པ་ཀུན་ཏུ་རི་ཉིལ་བ་དང་། འདམ་རྡོའི་ཆུ་རུད། གངས་རུད། སེར་བ་སོགས་ཀྱི་ཉེན་ཁར་དོགས་ཟོན་བྱེད་དགོས་ཀྱི་ཡོད། དེ་ལྟར་ཡིན་ནའང་ས་ཆ་རེར་སླེབས་རིམ་བཞིན་དམག་དཔུང་གིས“མང་ཚོགས་ཀྱི་ཁབ་སྐུད་ཙམ་ཡང་ཁྱེར་མི་ཆོག་པ་དང་། རི་དྭགས་རྔོན་མི་ཆོག་པ། ཆུ་ནང་དུ་མི་འཛུལ་མི་ཆོག་པ། ཉ་འཛིན་མི་ཆོག་པ། བྱེས་སུ་ཞག་སྡོད་བྱེད་པ”སོགས་ཀྱི“སྒྲིག་ཁྲིམས་ཆེན་པོ་གསུམ་དང་དོ་སྣང་བྱེད་དགོས་པ་བརྒྱད”ལག་བསྟར་ནན་པོ་བྱེད་ཀྱི་ཡོད།

ལྷ་སར་གཞིས་བརྟན་པོ་འཛུགས་ཆེད། ང་ཚོས་དང་ཐོག་ཐག་གཅོད་བྱེད་དགོས་པ་ནི་འབྲུ་རིགས་ཀྱི་གནད་དོན་རེད། འོན་ཀྱང་བོད་སྐྱོད་དཔུང་སྡེས་ས་གནས་དེ་ག་ནས་འབྲུ་རིགས་མང་པོ་ཉོས་ཚེ་ས་གནས་དེ་གའི་ཟོག་གོང་ལ་ཤུགས་རྐྱེན་ཐེབས་སྲིད་པར་བརྟེན་བོད་ལྗོངས་ལས་དོན་ཨུ་ལྷན་དང་དམག་སྡེ་བཅོ་བརྒྱད་པའི་མདུན་ཕྱོགས་ལས་ཁུངས་ཀྱིས་བཀའ་ཤག་སྲིད་གཞུང་དང་གྲོས་མོལ་བྱས་ནས་ལྷ་སའི་ནུབ་འདབས་ནས་ཐང་རྒོད་ཅིག་ཉོས་པ་རེད། ཀྲང་གོ་ཧྭ་དང་། ཐན་ཀོན་སན། ལི་ཅུའེ་སོགས་འགོ་ཁྲིད་ཀྱིས་ལས་བྱེད་པ་དང་དཔུང་སྡེའི་དཔོན་དམག་གི་སྣེ་ཁྲིད་ནས་ཐང་རྒོད་ལ་རང་སྟོབས་རང་སྤེལ་གྱི“ཐོན་སྐྱེད་ཆེ་མོའི་ལས་འགུལ”སྤེལ་བ་རེད། ཐང་རྒོད་ལ་སྔོ་ཚལ་དང་འབྲུ་རིགས་སྐྱེ་ཐུབ་པ་བྱ་ཆེད། དཔུང་སྡེ་དང་ལས་ཁུངས་ཀྱི་ལས་དོན་པས་སླེ་པོ་ཁྱེར་ནས་ཁྱིམ་ཚང་མི་རེ་ངོ་རེར་ལུད་འདོན་པར་ཕྱིན་པས། སང་ལོར་ང་ཚོས་བཏབ་པའི་པད་ཚལ་དང་། ཞོག་ཁོག ལ་ཕུག ནས། པད་ཁ་བཅས་ཡག་པོ་བྱུང་སོང་།

1957ལོར་ང་མཚོ་བོད་གཞུང་ལམ་དོ་དམ་ཅུས་ཀྱི་རླངས་འཁོར་སྐྱེལ་འདྲེན་རུ་ཁག་ཏུ་ལས་ཀ་བྱེད་པར་བསྐྱོད་དེ་གོར་མོ་ནས་ལྷ་ས་བར་གྱི་དངོས་ཟོག་དབོར་འདྲེན་གྱི་ལས་འགན་བཀོད་གཏོང་དང་སྒྲིག་འཛུགས་བྱེད་པའི་འགན་འཁུར་བ་ཡིན། ལོ་རབས་དེར་རླངས་འཁོར་རུ་ཁག་གོར་མོ་ནས་ལྷ་སར་དངོས་ཟོག་སྐྱེལ་བར་འགྲོ་རིམ་བཞིན་རླངས་འཁོར་རེར་ཁ་ལོ་བ་རེ་དང་འཁོར་གཡོག་རེ་བཀོད་སྒྲིག་བྱེད་པ་མ་ཟད། ད་དུང་མ་བྱན་དང་རླངས་འཁོར་བཟོ་མཁན་སོགས་ཀྱང་བཀོད་སྒྲིག་བྱེད་ཀྱི་ཡོད། གལ་ཏེ་ངོ་ལོག་ཇག་པ་འཕྲད་ཚེ། ད་དུང་རླངས་འཁོར་རུ་ཁག་ཚང་མར་དམག་དཔུང་ལན་གཅིག་བཏང་ནས་རླངས་འཁོར་རུ་ཁག་གི་བདེ་འཇགས་སྲུང་སྐྱོབ་བྱེད་ཀྱི་ཡོད། དེའི་རྗེས་ཀྱི་ལོ་འགའི་ནང་ང་ད་དུང་རྒྱ་གར་ལ་རྒོལ་ལན་སློག་པའི་རང་སྲུང་དམག་འཐབ་ནང་ཞུགས་ནས་དམག་མི་དང་དངོས་རྫས་དབོར་འདྲེན་གྱི་ལས་ཀ་བྱས་པ་ཡིན། རླངས་འཁོར་རུ་ཁག་མདེའུ་ཆར་པ་བཞིན་འབབ་པའི་ཁྲོད་དུ་སྐྱོད་པའི་སྐབས། ང་དང་ངའི་འཐབ་གྲོགས་ཚོས་ཕྱིར་བཤོལ་གཏན་ནས་བྱེད་མྱོང་མེད། ལོ་བཅུ་ཕྲག་ཁ་ཤས་འདས་ཟིན་ཡང་སྐབས་དེའི་གནས་ཚུལ་དེ་དག་ཡང་བསྐྱར་དྲན་སྐབས། སྤོབས་པ་ཆེན་པོ་སྐྱེ་གི་འདུག བོད་རིགས་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་དང་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་གི་ཆེད་དུ་ངས་བསྒྲུབ་འོས་པའི་ལས་འགན་བསྒྲུབས་ཡོད།

ལོ་མང་པོ་འདི་འདྲ་ཕྱིན་ནའང་ད་དུང་དམག་འཐབ་ནང་མཉམ་དུ་ཞུགས་མྱོང་བའི་གཅེན་གཅུང་མིང་སྲིང་དེ་དག་ཡང་ཡང་དྲན་གྱི་འདུག ཁོ་ཚོ་ངའི་སེམས་ནས་བརྗེད་རྒྱུ་ལྟ་ཞོག དེ་བས་མཛེས་སྡུག་ལྡན་པའི་དྲན་གསོ་ཞིག་ཏུ་གྱུར་ཏེ་སེམས་ནང་གསལ་ལེར་དྲན་གྱི་འདུག

མི་སྒེར་གྱི་ངོ་སྤྲོད།

ཀྲང་རུའེ་ཐང་། སྐྱེས་པ། རྒྱ་རིགས། 1930ལོའི་ཟླ་7པར་སྐྱེས། ཧོ་ནན་ཀྲེ་ཁྲེང་ནས་ཡིན་པ། 1944ལོའི་ཟླ་10པར་གསར་བརྗེར་ཞུགས། 1948ལོའི་ཟླ་10པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 1949ལོ་ནས་1952ལོའི་བར་དམག་སྡེ་བཅོ་བརྒྱད་པའི་ཅུན་ཤོག་ཆབ་སྲིད་བདེ་སྲུང་རུ་ཁག་ཁུལ་གཉིས་པའི་རུ་ཁག་གི་རུ་དཔོན་དང་འགོ་ཁྲིད་པའི་སྐུ་སྲུང་པན་གྱི་པན་ཀྲང་བྱས། 1952ལོ་ནས་1957ལོའི་བར་སྔ་རྗེས་སུ་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྤྱི་ཚོགས་པུའུ་དང་འགོ་ཁྲིད་པའི་སྐུ་སྲུང་པན་གྱི་འགན་ཁུར། 1957ལོ་ནས་1989ལོའི་བར་མཚོ་བོད་གཞུང་ལམ་དོ་དམ་ཅུས་གོར་མོ་རླངས་འཁོར་རུ་ཁག་གཉིས་པའི་རུ་དཔོན་དང་། བོད་རང་སྐྱོང་ལྗོངས་བཟོ་ལས་ཐིང་རླངས་འཁོར་རུ་ཁག་གི་རུ་དཔོན། བོད་རང་སྐྱོང་ལྗོངས་བཟོ་ལས་ཐིང་གོར་མོར་བཅའ་སྡོད་ལིའུ་ཡོན་ས་ཚིགས་ཀྱི་ཧྲུའུ་ཅི་དང་ཀྲན་ཀྲང་། རང་སྐྱོང་ལྗོངས་ཆུ་བེད་གློག་ཤུགས་ཐིང་དང་རང་སྐྱོང་ལྗོངས་བཟོ་ལས་གློག་ཤུགས་ཐིང་གི་བདེ་སྲུང་ཁྲུའུ་ཡི་ཁྲུའུ་ཀྲང་བཅས་ཀྱི་འགན་སྔ་རྗེས་སུ་འཁུར། 1989ལོར་རྒན་ཡོལ་ཞུས་ནས་ད་ལྟ་ཤིས་ཨན་དུ་ཡོད་པ།