《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月05日

ཞི་ཅིན་ཕིང་གི《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོའི》སྐོར་གྱི་གསལ་བཤད། (གནད་བསྡུས)

གཅིག གྲོས་འགོའི་འཆར་ཟིན་འགོད་པའི་བརྒྱུད་རིམ།

“ལྔ་ཚན་བཅུ་བཞི་པའི”རིང་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་རྗེས། བབ་བསྟུན་འཕྲལ་སྒྲུབ་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབྱེད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་བསྐྱོད་པའི་ལོ་ལྔ་ཚན་དང་པོ་དེ་ཡིན།

ཟླ་3ཚེས་30ཉིན། ཏང་ཀྲུང་དབྱང་གིས《ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་གྲོས་འགོར་ཞིབ་འཇུག་བྱེད་པར་བསམ་འཆར་བསྡུ་ལེན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་ནས། ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ནང་བསམ་འཆར་བསྡུ་ལེན་བྱས་ཡོད། ཟླ་4ཚེས་13ཉིན་ཡིག་ཆ་ཟིན་འགོད་ཚོགས་ཆུང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས་གྲོས་འགོར་འཆར་ཟིན་འགོད་པའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་ཡོད།

ཕྱོགས་ཁག་ནས་ཚུར་ལན་བྱས་པའི་བསམ་འཆར་ཐོག་ནས་བལྟས་ན། ཚང་མས“ལོ་བརྒྱ་གཉིས”ཀྱི་ལོ་རྒྱུས་འདྲེས་མཚམས་སུ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་གནད་དོན་ལ་གཙོ་གནད་ཐོག་ཞིབ་འཇུག་བྱས་པ་དང་གྲོས་འགོ་ཡང་བཏོན་ནས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་ལ་སྤྱི་འདོམས་བསམ་གཞིག་བྱས་ཡོད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྐུལ་སློང་དང་། མདུན་སྐྱོད་ལམ་གྱི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་བ་བཅས་ཀྱི་ངོས་ནས་བརྗོད་ན། དོན་སྙིང་ཧ་ཅང་གལ་ཆེན་ལྡན་པའི་ངོས་འཛིན་གཅིག་མཐུན་བྱས་ཡོད།

ད་ཐེངས་ཀྱི་གྲོས་འགོའི་འཆར་ཟིན་འགོད་པའི་ཁྱད་ཆོས་གལ་ཆེན་ཞིག་ནི། དམངས་གཙོ་དར་སྤེལ་དང་། སྒོ་དབྱེ་ཇུས་འདྲི། བློ་བསྡུས་དགེ་འཚོལ་བཅས་མཐའ་འཁྱོངས་བྱེད་པ་འདི་རེད།

ཡིག་ཆ་ཟིན་འགོད་ཚོགས་ཆུང་གིས་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོར་རྒྱ་ཁྱབ་ཉན་པ་དང་། གྲོས་བསྡུར་དང་བཟོ་བཅོས་ཡང་ཡང་བརྒྱབ་ནས་གྲོས་འགོའི་འཆར་ཟིན་འགོད་པའི་ལས་དོན་ཡག་པོ་ནན་ཏན་བསྒྲུབས་ཡོད།

ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་གཏན་འབེབས་གཞིར་བཟུང་། ཟླ་8ཚེས་10ཉིན། གྲོས་འགོའི་འཆར་ཟིན་དེ་ཏང་ནང་གི་ཁྱབ་ཁོངས་ངེས་ཅན་དུ་བཀྲམ་ནས་བསམ་འཆར་བསྡུ་ལེན་བྱས་ལ། དེའི་ནང་དུ་ཏང་ནང་གི་བློ་མཐུན་རྒན་གྲས་ཁག་གཅིག་གི་བསམ་འཆར་ཡང་ཚུད་པ་མ་ཟད། ད་དུང་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་འཐུས་མི་བཅས་ཀྱི་བསམ་འཆར་གསན་ཡོད།

གཉིས། གྲོས་འགོའི་འཆར་ཟིན་གྱི་བསམ་གཞིག་གཙོ་བོ་དང་གཞི་རྩའི་སྒྲོམ་གཞི།

གྲོས་འགོའི་འཆར་ཟིན་འགོད་པའི་སྤྱིའི་བསམ་གཞིག་ནི། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ཐད་དུས་མཚམས་གཉིས་སུ་ཕྱེ་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་བྱས་པ་གཞིར་བཟུང་། འབྱུང་འགྱུར་དུས་སྐབས་ཤིག་རིང་རྒྱལ་ཁབ་ཕྱི་ནང་གི་འཕེལ་ཕྱོགས་དང་རང་རྒྱལ་གྱི་འཕེལ་རྒྱས་ཀྱི་ཆ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཤིང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་དམ་འཛིན་ནན་པོ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རང་རྒྱལ་གྱི་འཕེལ་རྒྱས་ལ་མ་ལག་ལྡན་པའི་ཇུས་འགོད་དང་འཐབ་ཇུས་བཀོད་སྒྲིག་བྱས་ཡོད།

གྲོས་འགོའི་འཆར་ཟིན་འགོད་པའི་བརྒྱུད་རིམ་ནང་། གཤམ་གསལ་གྱི་རྩ་དོན་དག་ལ་སྟངས་འཛིན་བྱ་རྒྱུར་སྣང་ཆེན་བྱས་པ་སྟེ། གཅིག་ནས་རྒྱུན་འཛིན་དང་གསར་གཏོད་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་སྦྲེལ་མཐུད་ཡག་པོ་བྱས་པ་དང་། གཉིས་ནས་སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་རང་རྒྱལ་གྱི་ལམ་ལུགས་ཀྱི་ལེགས་ཆ་དེ་བས་ལེགས་པའི་སྒོ་ནས་བཏོན་པ། གསུམ་ནས་སྒོ་དབྱེ་དང་རང་བརྟེན་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་རྒྱལ་སྤྱི་རྒྱལ་ནང་གི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་དེ་བས་ཡག་པོ་བྱས་པ། བཞི་ནས་འཕེལ་རྒྱས་དང་བདེ་འཇགས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་དེང་རབས་ཅན་གྱི་འཕེལ་རིམ་ལ་ཤུགས་རྐྱེན་ཐེབས་སྲིད་པའི་མ་ལག་རང་བཞིན་གྱི་ཉེན་ཁ་འགོག་ཟོན་དང་ཁ་གཏད་ནུས་ལྡན་བཅག་པ། ལྔ་ནས་འཐབ་ཇུས་དང་འཐབ་རྩལ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་གཟིགས་རྒྱང་རིང་བ་དང་དངོས་གཉེར་གོ་ཆོད་ཀྱི་འཆར་འགོད་གྲོས་འགོ་བཟོས་ཡོད།

གྲོས་འགོའི་མ་ཟིན་ནི་ཆ་ཤས་15ལས་གྲུབ་པ་དང་། ཁག་ཆེ་བ་གསུམ་ལ་ཕྱེ་ཡོད། ཁག་དང་པོ་ནི་སྤྱི་བཤད་ཡིན་ཞིང་། དེའི་ནང་ཆ་ཤས་དང་པོ་དང་གཉིས་པ་གཉིས་ཚུད་ཡོད། གཙོ་བོ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་ཐོབ་པའི་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་དང་། རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་འཕྲད་པའི་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ཆེན་པོ་2035ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་ཕུགས་ཀྱི་དམིགས་ཚད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ། ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན་དང་དམིགས་ཚད་གཙོ་བོ་བཅས་རྒྱས་བཤད་བྱས་ཡོད། ཁག་གཉིས་པ་ནི་ཡན་ལག་རྣམ་བཤད་ཡིན་ཞིང་། སྤྱིའི་ཆ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་ནང་དོན་གཞིར་བཟུང་སྒྲིག་འཛུགས་བྱས་ཤིང་། ཁྱབ་ཁོངས་ཕྱེ་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྒྱུར་བཅོས་སྒོ་དབྱེའི་གཙོ་གནད་ལས་འགན་རྒྱས་བཤད་བྱས་པ་དང་། ཆ་ཤས་12བཀོད་སྒྲིག་བྱས་ནས་ཚན་རྩལ་གསར་གཏོད་དང་། ཐོན་ལས་འཕེལ་རྒྱས། རྒྱལ་ནང་ཁྲོམ་ར། སྒྱུར་བཅོས་ཟབ་གཏོང་། གྲོང་གསེབ་དར་རྒྱས། ས་ཁོངས་འཕེལ་རྒྱས་བཅས་དང་། རིག་གནས་འཛུགས་སྐྱོང་དང་། སྔོ་ལྗང་འཕེལ་རྒྱས། ཕྱི་ཕྱོགས་སྒོ་དབྱེ། སྤྱི་ཚོགས་འཛུགས་སྐྲུན། བདེ་འཇགས་འཕེལ་རྒྱས། རྒྱལ་སྲུང་འཛུགས་སྐྲུན་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་བསམ་ཕྱོགས་དང་གཙོ་གནད་ལས་འགན་ཁ་གསལ་བཟོས་པ་དང་འབྲེལ། ལས་དོན་བཀོད་སྒྲིག་ཀྱང་བྱས་ཡོད། ཁག་གསུམ་པ་ནི་མཇུག་བསྡུ་ཡིན་ཞིང་། དེའི་ནང་ཆ་ཤས་བཅོ་ལྔ་དང་མཇུག་བསྡུའི་གཏམ་ཚུད་ཡོད། གཙོ་བོ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། འཆར་འགོད་བཟོ་བ་དང་དོན་འཁྱོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ནང་དོན་རྒྱས་བཤད་བྱས་ཡོད།

གསུམ། གསལ་བཤད་བྱེད་དགོས་པའི་གཙོ་གནད་གནད་དོན་འགའ་ཞིག

དང་པོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བརྗོད་བྱ་གཙོ་བོར་འཛིན་རྒྱུའི་སྐོར། གྲོས་འགོའི་འཆར་ཟིན་ནང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བརྗོད་དོན་གཙོ་བོར་འཛིན་དགོས་ཤིང་། དེ་ནི་རང་རྒྱལ་གྱི་འཕེལ་རྒྱས་ཀྱི་དུས་མཚམས་དང་། འཕེལ་རྒྱས་ཀྱི་ཁོར་ཡུག འཕེལ་རྒྱས་ཀྱི་ཆ་རྐྱེན་བཅས་ལ་འགྱུར་ལྡོག་ཕྱིན་པ་གཞིར་བཟུང་སྟེ་ཚན་རིག་དང་མཐུན་པར་བརྡར་ཤ་བཅད་པ་ཞིག་རེད། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་སུ་སྔར་བཞིན་གནས་པ་དང་འབྲེལ་ཡུན་རིང་གནས་སྲིད་པ་དང་། རང་རྒྱལ་ནི་སྔར་བཞིན་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པས། འཕེལ་རྒྱས་གཏོང་བ་ནི་སྔར་བཞིན་རང་རེའི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་ཨང་དང་པོ་རེད།

གཉིས་པ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་བྱེད་པོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུའི་སྐོར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་ནི། དུས་བསྟུན་མདུན་སྐྱོད་ཀྱིས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་ལ། རང་རྒྱལ་གྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་གཏོད་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཀྱང་རེད། སྒྱུར་བཅོས་སྒོ་དབྱེ་བྱས་པ་དང་ལྷག་པར་དུ་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་ཞུགས་རྗེས། རང་རྒྱལ་རྒྱལ་སྤྱིའི་འཁོར་རྒྱུག་ཆེན་པོར་ཞུགས་པ་དང་། ཁྲོམ་ར་དང་ཐོན་ཁུངས་ཀྱི“སྣེ་གཉིས་ཕྱི་ཕྱོགས་སུ་ཕྱོགས”ནས“འཛམ་གླིང་བཟོ་གྲྭའི”འཕེལ་རྒྱས་ཀྱི་རྣམ་པ་ཆགས་ཏེ་རང་རྒྱལ་གྱིས་དཔལ་འབྱོར་གྱི་སྟོབས་ཤུགས་མགྱོགས་མྱུར་ཆེ་རུ་གཏོང་བ་དང་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད།

གསུམ་པ། “ལོ་ལྔ་ཚན་བཅུ་བཞི་པ”དང་2035ལོར་སླེབས་སྐབས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་སྐོར། བསམ་འཆར་བསྡུ་རིང་ས་གནས་དང་སྡེ་ཚན་ཁག་གཅིག་གིས་གྲོས་འགོའི་ནང་། “ལོ་ལྔ་ཚན་བཅུ་བཞི་པའི”དཔལ་འབྱོར་མགྱོགས་མྱུར་འཕར་བའི་དམིགས་ཚད་ཁ་གསལ་བཏོན་པ་དང་། 2035ལོར་སླེབས་སྐབས་དཔལ་འབྱོར་བསྡོམས་འབོར་རམ་ཡང་མི་རེའི་ཆ་སྙོམས་ཡོང་འབབ་ལྡབ་གཅིག་འཕར་བའི་དམིགས་ཚད་ཁ་གསལ་བཏོན་ཡོད། ཡིག་ཆ་ཟིན་བྲིས་ཚོགས་ཆུང་གིས་ཞིབ་འཇུག་དང་ཚོད་རྩིས་ནན་ཏན་བྱས་པ་བརྒྱུད། དཔལ་འབྱོར་འཕེལ་རྒྱས་འགྲོ་ནུས་དང་ཆ་རྐྱེན་ནས་བལྟས་ན། རང་རྒྱལ་གྱི་དཔལ་འབྱོར་ལ་ཡུན་རིང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རེ་དང་མངོན་མེད་སྟོབས་ཤུགས་ལྡན་ལ། ལོ་ལྔ་ཚན་བཅུ་བཞི་པའི་དུས་མཇུག་ཏུ་སླེབས་སྐབས་ད་ལྟ་ལག་ལེན་བསྟར་བཞིན་པའི་ཡོང་འབབ་མང་བའི་རྒྱལ་ཁབ་ཀྱི་ཚད་གཞིར་སླེབས་པ་དང་། 2035ལོར་སླེབས་སྐབས་དཔལ་འབྱོར་བསྡོམས་འབོར་རམ་ཡང་ན་མི་རེའི་ཆ་སྙོམས་ཡོང་འབབ་ལྡབ་གཅིག་འཕར་བ་ནི་རྦད་དེ་འགྲུབ་སྲིད་པའི་ངོས་འཛིན་བྱས་ཡོད།

ཏང་ཀྲུང་དབྱང་གི་གྲོས་འགོ་གཙོ་བོ་ནི་ཁ་ཕྱོགས་ཆེན་པོར་སྟངས་འཛིན་དང་འཐབ་ཇུས་ཆེན་པོ་གཏན་འཁེལ་བྱེད་རྒྱུ་དེ་ཡིན་ཞིང་། ཕྱོགས་ཁག་གི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ། གྲོས་འགོའི་འཆར་ཟིན་ནང“ལོ་ལྔ་ཚན་བཅུ་བཞི་པ”དང་2035ལོར་སླེབས་སྐབས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དམིགས་ཚད་ལ་ངོ་བོ་གཏན་འཁེལ་གྱི་ཞིབ་གླེང་གཙོར་བཟུང་བ་དང་བཅད་གྲངས་ཚུད་པའི་བྱེད་ཐབས་སྤྱད་ཡོད། འཆར་འགོད་ཀྱི《རྩ་གནད》བཟོ་སྐབས་ཚད་ལེན་ཞིབ་རྩིས་ནན་ཏན་བྱས་པའི་རྨང་གཞིའི་ཐོག་དེ་མཚུངས་ཀྱི་གྲངས་བཅད་དམིགས་ཚད་འདོན་ཆོག

བཞི་པ། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོ་ཆགས་པར་སྐུལ་འདེད་གཏོང་རྒྱུའི་སྐོར། ཐུན་མོང་ཐོག་ཕྱུག་པོ་ཆགས་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་། མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་རེ་འདུན་རེད། ང་ཚོས་ངེས་པར་དུ་མི་དམངས་ཡོངས་མཉམ་དུ་ཕྱུག་པོ་ཆགས་པར་སྐུལ་འདེད་གཏོང་བ་དེ་བས་གལ་འགངས་ཆེ་བའི་གནས་བབ་ཐོག་བཞག་ནས། ཏན་ཏན་ཏིག་ཏིག་དང་སྙིང་རུས་གཏན་འཁྱོངས་ཀྱིས་དམིགས་ཚད་དེའི་ཕྱོགས་སུ་འབད་བརྩོན་ཆེན་པོ་བྱེད་དགོས། དེར་བརྟེན། གྲོས་འགོའི་འཆར་ཟིན་ནང་། 2035ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་ཕུགས་ཀྱི་དམིགས་ཚད་གླེང་བའི་སྐབས་སུ“མི་དམངས་ཡོངས་མཉམ་དུ་ཕྱུག་པོ་ཆགས་པར་བྱེད་པར་དེ་བས་མངོན་གསལ་དོད་པའི་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་བྱེད་དགོས”ཞེས་བཏོན་ཅིང་། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བའི་ཐད་དུ“མཉམ་དུ་ཕྱུག་པོ་ཆགས་པར་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི”ནན་བཤད་བྱས་པ་དང་འབྲེལ། བླང་བྱ་གལ་ཆེན་དང་བྱེད་ཐབས་གལ་ཆེན་ཁ་ཤས་བཏོན་ཡོད། ཞིབ་གླེང་དེ་རིགས་ནི་ཏང་གི་ཚང་འཛོམས་གྲོས་ཚོགས་ཡིག་ཆའི་ནང་ཐེངས་དང་པོ་རེད།

ལྔ་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་རྒྱུའི་སྐོར། བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་འཕེལ་རྒྱས་ནི་བདེ་འཇགས་ཀྱི་འགན་ལེན་ཡིན་པར་ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ངོས་འཛིན་ཐུབ་ཡོད། དེར་བརྟེན། གྲོས་འགོའི་འཆར་ཟིན་ནང་ཆེད་རྩོམ་བཀོད་སྒྲིག་བྱས་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་འཆར་འགོད་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ་སོགས་ཀྱི་ཐད་ཆེད་མངགས་བཀོད་སྒྲིག་བྱས་ནས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་དང་། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་བསྐྲུན་པ་དང་ནུས་པ་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས་ལུགས་ནན་བཤད་བྱས་ཡོད།

དྲུག་པ། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་རྒྱུའི་སྐོར། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྗེས། ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་འབྱེད་རྒྱུ་ཡིན་པས། རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་མང་པོ་ཕྲད་པ་དང་། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རིང་འགལ་བ་རྙོག་འཛིང་ཆེ་བས། ངེས་པར་དུ་མ་ལག་གི་འདུ་ཤེས་ནས་འགོ་བརྩམས་ཏེ་ཇུས་འགོད་དང་ཐག་གཅོད་བྱས་ཏེ། ཁྱབ་ཁོངས་ཁག་གི་ལས་དོན་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་མཐུན་སྦྱོར་སྐུལ་འདེད་གཏོང་དགོས།

བདུན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་གནས་ཚུལ་དང་ཁྱབ་བསྒྲགས་དུས་སྐབས་ཀྱི་སྐོར། མིག་སྔ་ནི་སྔར་བཞིན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དུས་སྐབས་ཡིན་པར་བསམ་གཞིག་བྱས་ནས། གྲོས་འགོའི་འཆར་ཟིན་ནང་། “ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་དགོས་པའི”ཞིབ་གླེང་བྱས་ཡོད། ཕྱི་ལོའི་ལོ་སྟོད་དུ་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་བརྒྱུད་རིམ་ལྡན་པའི་དཔྱད་དཔོག་དང་ཕྱོགས་སྡོམ་བྱ་རྒྱུ་དང་། དེ་རྗེས་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དངོས་སུ་ཁྱབ་བསྒྲགས་བྱ་རྒྱུ་རེད། (སྒྱུར་ཞུས་པ་པ་ཚེས་དང་མཚམས་གཅོད)