《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月03日

དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་དགའ་བས་བསུ།

■ 2019ལོའི་ལོ་མཇུག་བར་མངའ་རིས་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་འབོར་སྒོར་དུང་ཕྱུར་62.4ཟིན་པ།

■ “སྒར་ཆེན་པོ”བསྐྲུན་རྒྱུའི་ཇུས་གཞི་ལག་བསྟར་བྱས་པ་དང་། སེང་གེ་ཁ་འབབ་གྲོང་རྡལ་གྱི་སྣོད་བཅུད་ཐོན་ལས་གླིང་ཁུལ་དུ་བཅའ་སྡོད་བྱེད་མཁན་ཁེ་ལས་11ཡོད་པ་དང་2019ལོར་ཐོན་རྫས་རིན་ཐང་སྒོར་ཁྲི་3327ཟིན་པ།

■ 2016ལོ་ནས་བཟུང་། ས་ཁུལ་དེ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་6183གྱི་མི་23159ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང་བདུན་དབུལ་ཞྭ་ཕུད་པ། གྲོང་ཚོ་དབུལ་པོ་139དབུལ་སྒྲོལ་ཐུབ་པ། དབུལ་པོ་ཐོན་ཚད་2015ལོའི་28.7%ནས་0%བར་ཆག་པ་མ་ཟད། 2018ལོ་དང་2019ལོར་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་གདེང་འཇོག་ཕུལ་བྱུང་གི་ས་ཁུལ་དང་གྲོང་ཁྱེར་གྱི་མཚན་སྙན་ཐོབ་པ།

■ འདས་ཟིན་པའི་ལོ་5ཡི་ནང་མངའ་རིས་ས་ཁུལ་གྱི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་ཁག་42ཀྱི་འཕེལ་རིམ་བདེ་བླག་བྱུང་བ།

■ གྲོང་གསེབ་ཀྱི་འཐུང་ཆུ་བདེ་འཇགས་བརྟན་གཏོང་དང་མཐོར་གཏོང་ལས་གྲྭ་ཁག་1111བསྐྲུན་ནས་མི་70911གི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ།

■ སྒར་དང་། སྤུ་ཧྲེང་། རུ་ཐོག རྩྭ་མདའ་བཅས་མཐའ་མཚམས་རྫོང་4ཡི་མཐའ་མཚམས་ཤང་དང་གྲོང་རྡལ་15དང་མཐའ་མཚམས་གྲོང་ཚོ་37ལ་འཆར་གཞི་ལག་བསྟར་བྱས་པ་དེས་མཐའ་མཚམས་མི་སེར་དུད་ཚང་5756གི་མི་21205ལ་ཕན་པ་ཐོབ་ཅིང་། འཆར་འགོད་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་24.89བཏང་བ།

འཕེལ་རྒྱས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

“ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མངའ་རིས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་ཏེ་དུས་ཡུན་རིང་པོར་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མི་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་དུས་ཡུན་རིང་པོ་བསྒྲུབ་དགོས་བསམས་ཀྱང་བསྒྲུབ་མི་ཐུབ་པའི་བྱ་བ་ཆེན་པོ་མང་པོ་བསྒྲུབས་ཏེ། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། 2019ལོའི་ལོ་མཇུག་བར། མངའ་རིས་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་འབོར་སྒོར་དུང་ཕྱུར་62.4ཟིན་པ་དེ་2015ལོའི་ལྡབ་1.68ཡིན་པ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་60བཏང་བ་དེ་2015ལོའི་ལྡབ་1.83ཟིན་པ། ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར་4.32ཟིན་པ་དེ་2015ལོའི་ལྡབ་1.46ཡིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་39989ཟིན་པ་དེ་2015ལོའི་ལྡབ་1.45ཟིན་པ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་12228ཟིན་པ་དེ་2015ལོའི་ལྡབ་1.55ཡིན་པ་རེད། ཐོན་ལས་གསུམ་གྱི་བསྡུར་ཚད་དེ་11∶32∶57ཟིན་ནས་ཐོན་ལས་གཉིས་པ་དང་གསུམ་པ་དུས་མཉམ་དུ་འཕེལ་རྒྱས་དང་དཔུང་གཤིབ་མཉམ་སྐྱོད་ཀྱི་འཕེལ་རྒྱས་རྣམ་པ་ཞིག་ཆགས་ཡོད།

“ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། མངའ་རིས་ས་ཁུལ་གྱིས་མཐའ་སྲུང་གཞུང་ལམ་དང་། གྲོང་གསེབ་ཀྱི་གཞུང་ལམ། མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་གནས་ཀྱི་གཞུང་ལམ་བཅས་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། “ཡག་པོ་བཞིའི་གྲོང་གསེབ་ཀྱི་གཞུང་ལམ”བསྐྲུན་པ་མ་ཟད། ཤིན་ཅང་གི་མིང་ཧྥུང་ནས་སྒེར་རྩེ་བར་གྱི་གཞུང་ལམ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ས་ཁུལ་དེ་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་2ལས་བརྒལ་ཡོད་པ་རེད། སྤུ་ཧྲེང་གནམ་ཐང་འདི་ལོ་སྐྲུན་འགོ་ཚུགས་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་74.06བཏང་བའི་མངའ་རིས་གློག་དྲ་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གྲྭས་ཁྱོན་ཡོངས་ནས་གློག་གཏོང་འགོ་ཚུགས་པ་དང་ཚ་གློག་མཉམ་ཐོན་རྣམ་གྲངས་བདེ་བླག་ངང་དྲ་སྦྲེལ་ཐུབ་ནས་གློག་གཏོང་འགོ་ཚུགས་པ།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཨ་ཆེན་གློག་ཁང་དང་རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་རིམ་སྤོར་སྒྱུར་བཀོད་ལས་གྲྭ་འཛུགས་སྐྲུན་མགྱོགས་པོ་བྱས་ནས་འཚོ་བའི་གློག་འགན་ལེན་བྱས་ཡོད། ཆུ་བོའི་ཕྱོགས་བསྡུས་བཅོས་སྐྱོང་གཙོ་གནད་ལས་གྲྭར་སྐུལ་འདེད་མགྱོགས་མྱུར་བཏང་བ་དང་རྫོང་7གྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་མཐོར་གཏོང་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་ཡོད། དེང་རབས་ཀྱི་འཕྲིན་གཏོང་མ་ལག་མགྱོགས་མྱུར་བསྐྲུན་ནས་སྲིད་འཛིན་གྲོང་ཚོ་144ལ་འོད་སྐུད་དྲ་ཆེན་ཤར་གཏོང་ཐུབ་པ་དང་སྲིད་འཛིན་གྲོང་ཚོ་143ལ་4Gདྲ་རྒྱ་ཤར་གཏོང་ཐུབ་ཡོད།

རིག་གནས་ཡུལ་སྐོར་ལས་རིགས་འཐབ་ཇུས་རང་བཞིན་གྱི་གཙོ་ཁྲིད་ཐོན་ལས་སུ་བརྩིས་པ་དང་། གངས་ཏི་སི་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ་འཛུགས་པར་དམིགས་ནས་རྩ་མདའི་བྲུ་རོང་དང་། སྤུ་ཧྲེང་གི་གནས་རི་དང་གནས་མཚོ། རུ་ཐོག་གི་མཚོ་མོ་ངང་ལྷ་རིང་པོ་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་གནས་བསྐྲུན་པ་མ་ཟད། རྩྭ་མདའི་གནའ་བོའི་ཞང་ཞུང་རིག་གནས་ཡུལ་སྐོར་སྐོར་ལམ་གཞུང་ལམ་རྩེ་གྲ་བསྐྲུན་ཡོད། དེང་རབས་སྒྲིག་བཀོད་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྒར་གྱི་སྔོ་ཚལ་དང་། སྤུ་ཧྲེང་གི་རྩམ་པ། རྩ་མདའི་ཀུ་ཤུ། སྒེར་རྩེའི་འབྲི་གཡག མཚོ་ཆེན་དང་། རུ་ཐོག དགེ་རྒྱས་བཅས་ཀྱི་ཁུ་ལྡན་ར་བཅས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་མགྱོགས་སུ་བཏང་ཡོད། “སྒར་ཆེན་པོ”སྐྲུན་པའི་ཇུས་གཞི་ལག་བསྟར་བྱས་པ་དང་། སེང་གེ་ཁ་འབབ་གྲོང་རྡལ་གྱི་སྣོད་བཅུད་ཐོན་ལས་གླིང་དུ་བཅའ་སྡོད་བྱེད་མཁན་ཁེ་ལས་11ཡོད་པ་དང་2019ལོར་ཐོན་རྫས་རིན་ཐང་སྒོར་ཁྲི་3327ཟིན་པ།

རྫོང་6གི་རྫོང་གྲོང་འཛུགས་སྐྲུན་མགྱོགས་པོ་བྱས་ནས་རྫོང་གྲོང་6གི་ས་འོག་ཕྱོགས་བསྡུས་མདོང་ལམ་དང་དྲོད་རླངས་མཁོ་འདོན་དང་གསོ་རླུང་མཁོ་འདོན་གྱི་ལས་གྲྭ་ལེགས་གྲུབ་བྱུང་བ་དང་། རྫོང་གྲོང་5ལ་གཅིག་སྡུད་ཀྱིས་དྲོད་རླངས་མཁོ་འདོན་དང་། རྫོང་གྲོང་7དང་གྲོང་རྡལ་37ལ་ཕྱོགས་ཡོངས་ནས་གསོ་རླུང་མཁོ་འདོན་བྱས་ཡོད། ས་བབ་མཐོ་བའི་ཤང་དང་གྲོང་རྡལ་14ལ་དྲོད་རླངས་མཁོ་འདོན་བྱས་པ་དང་རྫོང་དང་རྫོང་གྲོང་6ལ་ཆུ་མཁོ་འདོན་དང་ཆུ་འབུད་ལས་གྲྭ་སྐྲུན་འགོ་ཚུགས་ཡོད།

ཕྱོགས་མང་དང་རིམ་མང་གི་སྒོ་ནས་བོད་སྐྱོར་ལས་དོན་གཏིང་ཟབ་ཏུ་བཏང་བ་དང་། སློབ་གསོ་དང་སྨན་བཅོས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཤེས་ལྡན་པའི་གཞི་ཁྱོན་ཆེ་རུ་བཏང་ནས་བོད་སྐྱོར་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། “ཞིང་ཆེན་གཉིས་དང་ཁེ་ལས་གསུམ”གྱིས་ཁྱོན་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་16.03དོན་འཁྱོལ་བྱས་ནས་རྣམ་གྲངས་131སྐྲུན་པ་མ་ཟད། རྣམ་གྲངས་73ལེགས་གྲུབ་བྱས་ཡོད།

དམངས་འཚོ་ལེགས་སུ་ཕྱིན་པས་མི་སེར་སྤྲོ་སྣང་ལྡན།

སྒར་རྫོང་སྣོད་བཅུད་ཞིང་ལས་ཐོན་ལས་གླིང་གི་སྔོ་ཚལ་དྲོད་ཁང་ཆེན་པོར་གཙོ་ཚོ་ཤང་གི་རྒྱལ་པོས་སྔོ་ཚལ་ལ་གཡོག་བྱེད་བྱེད་བཞིན་འདུག བྱང་ཆུབ་པའི་ལག་རྩལ་ལ་བལྟས་ན་ཟླ་བཞིའི་གོང་ཁོང་ལུག་རྫི་ཡིན་པ་སུས་བསམས།

སྒར་རྫོང་སྣོད་བཅུད་ཞིང་ལས་ཐོན་ལས་གླིང་ལ་ཁྱོན་མ་དངུལ་སྒོར་ཁྲི་9000ལྷག་ཙམ་བཏང་ནས་འགྱིག་ཤོག་དྲོད་ཁང་ཆེན་པོ་215བརྒྱབ་པའི་ནང་དུ་སྔོ་ཚལ་དང་། ཤིང་འབྲས། མེ་ཏོག་བཅས་འདེབས་པ་དང་ལོ་ལྟར་མི་བརྒྱ་ཙམ་གྱི་ལས་ཞུགས་ཐག་གཅོད་ཐུབ་ཀྱི་ཡོད།

“ཡུལ་མི་ཚོས་གླིང་ཁུལ་ནས་དངུལ་རག་པ་དང་ལག་རྩལ་སྦྱོང་ཐུབ་པའི་སྐོར་ཐོས་རྗེས་ང་འདི་གར་ཡོང་བ་ཡིན། ད་ཆ་ཟླ་རེར་གླ་ཆ་སྒོར་6000ཡོད”ཅེས་རྒྱལ་པོས་དགའ་སྤྲོའི་ངང་ནས་བཤད་བྱུང་།

“ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། མངའ་རིས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་གཏོང་ལས་དོན་མཐའ་དག་གི་དོན་ལ་འབབ་ས་དང་འགོ་འཛུགས་སར་བརྩིས་ནས་མི་རིགས་ཁག་གི་མང་ཚོགས་ལ་ལྟོ་གོས་ལ་སེམས་ཁྲལ་མེད་པ་དང་། སྨན་བཅོས་དང་། སློབ་གསོ། སྡོད་ཁང་བཅས་ཕྱོགས་ཡོངས་ནས་འགན་ལེན་བྱས་ཡོད།

དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་མངའ་རིས་ས་ཁུལ་གྱིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་དམིགས་པ་དང་། “གནད་སྨིན་དྲུག”མཐའ་འཁྱོངས། “མཚམས་མི་འཇོག་པ་བཞིའི”བླང་བྱ་དོན་འཁྱོལ་བཅས་བྱས་ནས་ཐོན་ལས་དབུལ་སྐྱོར་དང་། ཡུལ་གཞན་དུ་གནས་སྤོས། ལས་ཞུགས་གཞན་སྒྱུར། སྣོད་བཅུད་ཁ་གསབ། སྤྱི་ཚོགས་འགན་ལེན་ཐ་སྐྱོང་སོགས་ཀྱི་བྱེད་ཐབས་ལ་སྤྱི་འདོམས་སྐུལ་འདེད་བཏང་བས་ཐག་གཅོད་རང་བཞིན་གྱི་ཕན་འབྲས་ཐོབ་ཡོད། 2016ལོ་ནས་བཟུང་། ས་ཁུལ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་6183གྱི་མི་23159ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང་བདུན་དབུལ་ཞྭ་ཕུད་པ། གྲོང་ཚོ་དབུལ་པོ་139དབུལ་སྒྲོལ་ཐུབ་པ། དབུལ་པོ་ཐོན་ཚད་2015ལོའི་28.7%ནས་0%བར་ཆག་པ་མ་ཟད། 2018ལོ་དང་2019ལོར་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་གདེང་འཇོག་ཕུལ་བྱུང་གི་ས་ཁུལ་དང་གྲོང་ཁྱེར་གྱི་མཚན་སྙན་ཐོབ་པ།

འདས་ཟིན་པའི་ལོ་5ཡི་རིང་མངའ་རིས་ས་ཁུལ་གྱི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་ཁག་42ཀྱི་འཕེལ་རིམ་བདེ་བླག་བྱུང་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གློག་སྤྱོད་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད། གྲོང་གསེབ་ཀྱི་འཐུང་ཆུ་བདེ་འཇགས་བརྟན་གཏོང་དང་མཐོར་གཏོང་ལས་གྲྭ་ཁག་1111བསྐྲུན་ནས་མི་70911གི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ།

བདེ་སྡོད་ལས་བརྩོན་བྱས་ནས་མཛེས་སྡུག་ལྡན་པའི་མཐའ་མཚམས་བསྐྲུན།

འདི་ལོའི་ཟླ་6པར་སྒར་རྫོང་བཀྲ་ཤིས་སྒང་ཤང་གླང་དམར་གྲོང་ཚོའི་མང་ཚོགས་ཀརྨ་ལྷ་མོ་བདེ་བླག་ངང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་སྡོད་ཁང་གསར་པར་སྤོས་པ་རེད། ཁྱིམ་དུ་མི་7ཡོད་པའི་རྐྱེན་གྱིས་ཁོང་གི་སྡོད་ཁང་གསར་པའི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་210ཟིན་ཡོད།

ཐོག་ཁང་དང་ཆུ་གློག་ཆ་ཚང་ཡོད་པས་ཡུལ་མི་ཚོས་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད།

“ཁང་པ་གསར་པ་ཆེན་པོ་འདི་འདྲར་སྡོད་རྒྱུ་བྱུང་བ་བསམ་པའི་ཡུལ་ལའང་མེད། ཏང་དང་སྲིད་གཞུང་གིས་ང་ཚོར་བདེ་སྐྱིད་ཀྱི་འཚོ་བ་འདི་འདྲ་གནང་བར་ཐུགས་རྗེ་ཆེ་ཞུ། ངས་ཕྱིས་སུ་དེ་བས་འབད་བརྩོན་བྱས་ཏེ་མེས་རྒྱལ་གྱི་མཐའ་མཚམས་ཡག་པོ་སྲུང་གི་ཡིན་ལ། དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་ཀྱི་ཡིན”ཞེས་ཀརྨ་ལྷ་མོས་སེམས་འགུལ་ཐེབས་བཞིན་བཤད་བྱུང་།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། མངའ་རིས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས“མཐའ་མཚམས་འཕེལ་རྒྱས་མགྱོགས་སུ་བཏང་ནས་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི”གཙོ་རྐང་ལ་དམ་པོར་དམིགས་ནས་དམག་དཔུང་བཅའ་སྡོད་དང་། དམངས་བདེ་མཉམ་སྲུང་། མཐའ་བརྟན་མཐའ་དར་གལ་ཆེ་མཉམ་འཇོག་མཐའ་འཁྱོངས་དང་། “གྲོང་ཚོར་ཁྱབ་པ་བརྒྱད་དང་། གྲོང་ཚོར་དགུ་ཡོད་པ། དུད་ཚང་ལ་ཁྱབ་པ་བཅུ”བཅས་ཀྱི་སྤྱིའི་དམིགས་ཚད་ལ་དམིགས་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། སྒར་དང་། སྤུ་ཧྲེང་། རུ་ཐོག རྩྭ་མདའ་བཅས་མཐའ་མཚམས་རྫོང་4ཡི་མཐའ་མཚམས་ཤང་དང་གྲོང་རྡལ་15དང་མཐའ་མཚམས་གྲོང་ཚོ་37ལ་འཆར་གཞི་ལག་བསྟར་བྱས་པ་དེས་མཐའ་མཚམས་མི་སེར་དུད་ཚང་5756གི་མི་21205ལ་ཕན་པ་ཐོབ་ཅིང་། འཆར་འགོད་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་24.89བཏང་བ།

འདི་ལོའི་ཟླ་9པའི་ཟླ་མཇུག་བར། མངའ་རིས་ས་ཁུལ་གྱི་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་37གྱི་འཛུགས་སྐྲུན་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་ནས་བོད་རང་སྐྱོང་ལྗོངས་སུ་སྔོན་ལ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱེད་མཁན་གྱི་མཐའ་མཚམས་ས་ཁུལ་དང་གྲོང་ཁྱེར་དུ་གྱུར་ཡོད་པ་རེད།