《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月03日

རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས་ལ་གྲོས་བསྡུར་ཚ་ཚ་འུར་འུར་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་10ཚེས་26ནས་29ཉིན་བར། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་དུ་འཚོགས་པ་དང་། ཚེས་29ཉིན་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་ཡོངས་བསྒྲགས་བྱས་པས། རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཤུགས་ཆེན་བྱུང་ཞིང་། ཚང་མས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་འཐོབ་ཉེར་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ལེན་འགོ་ཚུགས་པའི་མཚམས་སུ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་གྱིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཏེ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་འགན་འཁྲི་འཁུར་སེམས་གསར་པ་མངོན་པ་དང་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་བཏང་ནས། རྒྱལ་ཁབ་ཀྱི་རིག་གནས་འཇམ་ཤུགས་ཆེ་རུ་གཏོང་དགོས་ཞེས་བཏོན་ཞིང་། རང་སྐྱོང་ལྗོངས་རིག་གནས་་ཐིང་གི་ལས་བྱེད་པ་དང་ལས་བཟོ་ཚོས། བོད་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་འཕེལ་རྒྱས་གཏོང་བའི་ཁོངས་མི་ཞིག་ཡིན་པའི་ངས། “དར་ཆ་སྒྲེང་བ་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ”བཅས་ཀྱི་འགན་འཁྲི་དང་ལས་འགན་རང་རྟོགས་ངང་ཁུར་ནས། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བསམ་པའི་སྒུལ་ཤུགས་ཆེན་པོ་སྣོན་གྱི་ཡིན་ཞེས་བརྗོད་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གིས་ཡང་འབད་བསྐྱར་འབད་དང་ངར་ཤུགས་གཅིག་སྒྲིམ་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་དུས་བཀག་ལྟར་རྒྱལ་ཁ་ལེན་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་དེས། རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་དོན་ཁང་གི་ལས་བྱེད་པ་ཟླ་བར་སེམས་འགུལ་ཚད་མེད་ཐེབས་ཤིང་། ཁོང་གིས“རྒྱལ་ཁབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་ཀྱི་ཡོད། དབུལ་སྐྱོར་ལས་བྱེད་པ་ཞིག་གི་ཆ་ནས། ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་བལྟས་རྗེས། སྐུལ་ལྕག་ཆེན་པོ་ཐེབས་བྱུང་ལ། ངར་ཤུགས་ཀྱང་ཆེན་པོ་འཕེལ་སོང་། ངས་མུ་མཐུད་བྱ་སྤྱོད་ངོ་མར་བརྟེན་ནས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་ཕྱིར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བརྗོད་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་སྔོ་ལྗང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མི་དང་རང་བྱུང་ཞི་མཐུན་མཉམ་གནས་ལ་སྐུལ་མ་གཏོང་དགོས་ཞེས་བཏོན་ཅིང་། ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གི་ལས་བྱེད་པ་ཅང་ཁྲང་ཁྲུན་གྱིས“ང་ཚོས་རང་འཁྲིའི་ལས་དོན་ལ་གཞི་ཚུགས་ནས། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་དང་། ཕྱོགས་བསྡུས་བྱ་ཐབས་སྤྱོད་པ། སྔོ་ལྗང་འཕེལ་རྒྱས་དང་། འཁོར་སྐྱོད་འཕེལ་རྒྱས། ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་སེར་ཚོར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་ཞེས་བཏོན་ཅིང་། ལྗོངས་བདེ་འཇགས་ཐིང་དང་སྤྱི་བདེ་ཐིང་གི་ལས་བྱེད་པ་དང་ལས་བཟོ་ཚོས“བོད་ཀྱི་བདེ་འཇགས་དང་། ཞི་མཐུན། བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་མཁན་ཁོངས་མི་ཞིག་གི་ཆ་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པའི་རྨང་གཞིའི་ཐོག་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་། རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ། ཉེན་ཁ་འགོག་ཟོན་དང་འགལ་ཟླ་སེལ་བའི་ལས་དོན་ཁག་ཏན་ཏིག་སྒྲུབ་པ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཡས་གཞོགས་གཡོན་འདེགས་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད། (པ་ཚེས་བསྒྱུར)