《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月03日

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་པེ་ཅིང་དུ་བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཁྲིམས་འཛུགས་རིགས་གཅིག་མཁས་ཅན་གྱི་བློ་འདྲི་དང་རིགས་པས་ཁུངས་སྐྱེལ་གྱི་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་30ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་པེ་ཅིང་དུ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཁྲིམས་འཛུགས་རིགས་གཅིག་མཁས་ཅན་གྱི་བློ་འདྲི་དང་རིགས་པས་ཁུངས་སྐྱེལ་གྱི་ཚོགས་འདུ་འཚོགས་ནས། པེ་ཅིང་དུ་བཞུགས་པའི་འབྲེལ་ཡོད་འགོ་ཁྲིད་དང་དུས་ཡུན་རིང་པོའི་ནང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁྲིམས་འཛུགས་སོགས་ཁྱབ་ཁོངས་སུ་ཕྱག་ལས་གནང་མཁན་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཁྲིམས་འཛུགས་ལས་དོན་ལ་བརྟག་དཔྱད་ཞིབ་འཇུག་དང་ཐབས་འདོན་ཇུས་འབུལ་གནང་བ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ལི་ཧྥེ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཤའོ་ཧོའེ་ཡོན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་སྲི་ཐར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དོན་གྲུབ་དབང་འབུམ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཁྲེང་ལི་ཧྥུང་།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞུས་ཨན་པེའོ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲའོ་ཡུང་བཅས་དང་དེ་བཞིན། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་སུན་ཧུང་ལེ་དང་། ཀྲེང་ཏུའུ། ཡུས་ཀུའེ་རུའེ། ཝུའུ་ཧྥུའུ་ཡོན། ཡའོ་ཐན་ཏུང་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་རྡོ་རྗེ་དང་ཝང་ཅིན་ནན་སོགས་འགོ་ཁྲིད་དང་ཡོན་ཧྲི་22ཚོགས་འདུར་ཞུགས་པ་དང་འབྲེལ། རང་ངོས་ཀྱི་ཁག་བགོས་དོ་དམ་དང་ཞིབ་འཇུག་ཁྱབ་ཁོངས་ནས་རྩ་ཆེའི་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཀྲོའུ་ཀོང་ཆོན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ལི་ལན་ཉིང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཚུའེ་ཕུང་དང་། ཁྲེན་ཧྥ་ཧུའུ། ཧྥུའུ་པོ་ཅེ་བཅས་དང་། ཆིང་ཧྭ་སློབ་ཆེན་དང་། པེ་ཅིང་སློབ་ཆེན། ཀྲུང་གོ་མི་དམངས་སློབ་ཆེན། ཀྲུང་གོ་སྲིད་ཁྲིམས་སློབ་ཆེན། ཀྲུང་དབྱང་ཏང་གི་སློབ་གྲྭ་བཅས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་27གྱིས་ཡིག་ཐོག་བསམ་འཆར་བཏོན་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཤིས་ཚིག་གསུངས་པ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཅི་གོ་ཀང་དང་། ཀྲང་ཡུང་ཙེ། འཇམ་དཔལ་བཅས་ཚོགས་འདུར་ཕེབས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འོད་ཟེར་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

བློ་བཟང་རྒྱལ་མཚན་གྱིས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་བྱས་ནས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་བཀོད་སྒྲིག་བྱས་ཡོད། ང་ཚོས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་བཞིན་ཁྲིམས་འཛུགས་བཅས་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་དགོངས་པ་ལག་བསྟར་དོན་འཁྱོལ་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་མཐའ་འཁྱོངས། རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་རྒྱུ་དང་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུ་ཟུང་འབྲེལ། རྒྱལ་ཁབ་ཀྱི་ཚད་གཞི་དང་ས་གནས་ཀྱི་ཚད་གཞི་དང་། སྲིད་གཞུང་གི་གཙོ་ཁྲིད་དང་སྤྱི་ཚོགས་མཐུན་སྦྱོར། ལམ་ལུགས་འཛུགས་སྐྱོང་དང་རིག་གནས་འཛུགས་སྐྱོང་། སྣོད་བཅུད་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་སོགས་ཟུང་འབྲེལ། ཏང་གི་དགོངས་ཚུལ་མངོན་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དགོངས་པ་མཚོན་པ། མི་དམངས་ཀྱི་འདོད་འདུན་དང་མཐུན་པ། བོད་ཀྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་སྤུས་ཚད་མཐོ་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བའི་བརྩོན་ལེན་བཅས་བྱས་ནས། སྣོད་བཅུད་ཤེས་དཔལ་དཔེ་སྟོན་ཁུལ་གཏོད་ཆེད་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་དགོས། རིགས་གཅིག་མཁས་ཅན་དང་མཁས་དབང་རྣམ་པས་འཛེམ་མེད་ལྷུག་གླེང་དང་རང་གི་ལྟ་ཚུལ་ཐད་ཀར་བརྗོད་པ་དང་། བློ་གྲོས་ལྡན་པའི་ཐབས་དང་དངོས་སྒྲུབ་ཀྱི་ཇུས་མང་ཙམ་བཏོན་ནས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཁྲིམས་འཛུགས་ལས་དོན་ལ་མཛུབ་ཁྲིད་དང་རོགས་རམ་དེ་བས་མང་པོ་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཉིན་གཅིག་གི་ཚོགས་འདུའི་ནང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་དོན་ཁང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། རང་བྱུང་ཐོན་ཁུངས་པུའུ། ཁོར་ཡུག་སྲུང་སྐྱོང་པུའུ། ཁྲིམས་འཛིན་པུའུ་བཅས་ཀྱི་འགོ་ཁྲིད་དང་། དེ་བཞིན་ཀྲུང་གོ་ཚན་རིག་ཁང་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་དགའ་སྤྲོ་ལྷན་འཛོམས་ཀྱིས་གང་བསམ་ལྷུག་གླེང་གནང་སྟེ་བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོར་ཁས་ལེན་གང་ལེགས་གནང་བ་དང་། བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཁྲིམས་འཛུགས་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་འབྲེལ། ལྟ་བ་ཡང་དག་གི་དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་འགོ་མང་པོ་ཡང་བཏོན་པ་རེད། ཚང་མས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་དང་། ཧ་ཅང་དགོས་གལ་ཆེ་བ། དུས་ལ་འཁེལ་བ་བཅས་ཡོད་པས། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་མཐོ་ས་གཏོད་པར་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་ཐུབ་ངེས་ཡིན་པའི་ངོས་འཛིན་གནང་བ་རེད།

(པ་ཚེས་བསྒྱུར། པ་ཚེ་དང་མཚམས་གཅོད་ཀྱིས་ཞུས)