《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月03日

བོད་དུ་ལས་སྒྱུར་བྱས་པའི་འབུམ་རམས་པ་ཚོའི་གཏམ་རྒྱུད།

གངས་དཀར་ཏི་སེ་འགྱིང་ངེར་གནས། ས་བབ་མཐོ་ཚད་སྨི་4000ཡན་ཡོད་པའི་རུ་ཐོག་རྫོང་ར་བང་ཤང་དུ་ལུའུ་ཆིང་ཧྲན་གྱིས་རྣམ་ཀུན་དང་འདྲ་བར་གྲོང་མི་ཚོར་རིམས་འགོག་ཤེས་བྱ་སྒྲོག་འགྲེལ་བྱེད་བཞིན་ཡོད།

གློ་བུར་དུ་སྡིག་སྒྲ་དང་བཅས་ཁོང་དྲན་པ་འཐོར་ནས་ས་སྟེང་དུ་བརྒྱལ་བ་དང་། ཚང་མས་ཛ་དྲག་མྱུར་སྐྱོབ་བྱས་པ་བརྒྱུད་ཁོང་གཞི་ནས་དྲན་པ་རིམ་གྱིས་གསོས།

ལུའུ་ཆིང་ཧྲན་ནི་2017ལོའི་བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་17པའི་ཁོངས་མིའི་གྲས་ཤིག་ཡིན་ཞིང་། ཞབས་ཞུའི་དུས་ཚོད་ཐིམ་རྗེས་ཁོང་གིས་བོད་དུ་སྡོད་རྒྱུའི་རེ་ཞུ་ཕུལ་ནས་མངའ་རིས་སུ་རྩ་བ་ཚུགས་རྒྱུའི་སེམས་ཐག་བཅད། དེ་རྗེས་ཁོང་གངས་ལྗོངས་ས་མཐོ་འཛུགས་སྐྲུན་བྱེད་པའི་རླབས་ཆེའི་ལས་འགན་ཁྲོད་ཞུགས་ནས་མངའ་རིས་སུ་སྡོད་མཁན་བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་དང་པོར་གྱུར།

བོད་དུ་ལུའུ་ཆིང་ཧྲན་དང་འདྲ་བའི་མཐའ་མཚམས་སུ་རྩ་བ་ཚུགས་ནས་ལང་ཚོའི་ཕུགས་འདུན་གཏོད་མཁན་འབུམ་རམས་པ་ད་དུང་མང་པོ་ཡོད། མེས་རྒྱལ་ས་གནས་ཁག་ནས་ཡོང་བའི་ཁོང་ཚོས་ནང་བྱང་ཆུབ་པའི་ཆེད་ལས་ལག་རྩལ་ལ་བརྟེན་ནས། བོད་ཀྱི་ས་གཞི་འདིའི་ཐོག་རང་ཉིད་ཀྱི་ནུས་ཤུགས་སྐྱེས་སུ་ཕུལ་ཏེ་བཀྲག་མདངས་འཚེར་བའི་མི་ཚེའི་ལེའུ་རྩོམ་བཞིན་ཡོད།

ས་མཐོར་སླེབས་པའི་ཉིན་དང་པོ་ནས་བཟུང་ཡོན་ཏུང་ཧྲེང་གིས་བོད་འདི་རང་ཉིད་ཀྱི་ཕ་ཡུལ་གཉིས་པར་བརྩིས་པ་དང་། ཁོང་གིས་ས་མཐོའི་གནམ་གཤིས་འཕྲོད་མ་ཐག་ལས་ཀར་ཞུགས་པ་རེད།

2019ལོའི་ཟླ་12པར་ཡོན་ཏུང་ཧྲེང་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་ཏང་སྲོལ་སྲིད་གཙང་ལྟ་ཞིབ་ཁང་གི་ཀྲུའུ་རེན་གཞོན་པ་དང་། རིམ་པ་གསུམ་པའི་བརྟག་ཞིབ་པ། སྒྲིག་བཤེར་ལྟ་བཤེར་པ་བཅས་ལ་དངོས་སུ་ལས་སྒྱུར་བསྐོ་གཞག་བྱས་ཏེ་བོད་ཀྱི་ལས་བྱེད་པ་ཞིག་ཏུ་གྱུར། 2019ལོའི་ཟླ་12པ་ནས་ད་བར་ཁོང་གིས་ནན་ཏན་ངང་རང་འགན་གཙང་སྒྲུབ་ཀྱིས་རིགས་ཁག་གི་ལྟ་སྐུལ་ཞིབ་བཤེར་ཐེངས་20ལྷག་ཙམ་དང་རུ་སྣེ་ཁྲིད་ནས་ཞིབ་བཤེར་ཐེངས་10ལྷག་ཙམ་བྱས་པས། སྒྲིག་འགལ་གནད་དོན་གྱི་ཁུངས་སྣེ་6ཤེས་རྟོགས་ཐུབ་པ་དང་། གྲོང་ཁྱེར་དང་ས་ཁུལ་ཁག་དང་ལྗོངས་ཐད་གཏོགས་ཚན་པ་ཁག་ལ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་རིགས་རང་བཤེར་གཙང་སེལ་བཅོས་སྒྲིག་ལས་དོན་སྤེལ་རྒྱུའི་ལྟ་སྐུལ་བྱས་པས། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) གནད་དོན་14984ཤེས་རྟོགས་ཐུབ་ནས་ལྗོངས་ཡོངས་ཀྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་གྱོད་གཞིའི་སྒྲིག་ཁྲིམས་དཔྱད་དཔོག་དོ་སྙོམས་ཡོང་བར་འགན་ལེན་ནུས་ལྡན་ཐུབ་ཡོད།

གངས་ལྗོངས་ས་མཐོར་བོད་དུ་ལས་བསྒྱུར་བྱས་པའི་འབུམ་རབས་པ་ཚོས་གནོང་འགྱོད་སྤུ་ཙམ་ཡང་མེད་པར་ལག་ལེན་དངོས་ལ་བརྟེན་ནས་བོད་ལ་ལེགས་སྐྱེས་འབུལ་རྒྱུའི་རང་ཉིད་ཀྱི་དམ་བཅའ་སྒྲུབ་བཞིན་ཡོད།

“བོད་དུ་སྡོད་རྒྱུ་རང་ཉིད་ཀྱིས་བདམས་པས་འགྱོད་པ་བྱེད་དགོས་དོན་གང་ཡང་མི་འདུག”ཅེས་2019ལོར་བོད་དུ་ལས་སྒྱུར་བྱས་པའི་འབུམ་རམས་པ་ཝང་ཀོན་ཅེས་རང་འགུལ་ངང་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ན་དམར་ཆེ་ཤང་དུ་གྲོང་སྡོད་བྱ་རྒྱུའི་རེ་ཞུ་ཕུལ་ཏེ། འཐབ་ས་དང་པོར་བསྐྱོད་པ་དང་མང་ཚོགས་དང་ཉེ་བཅར་གྱིས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་བྱ་བ་དངོས་བསྒྲུབས་ཡོད། གྲོང་སྡོད་བྱེད་རིང་ཁོང་གིས་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ། ས་གནས་དེ་གའི་འཐུང་ཆུ་དང་སྔོ་ཚལ་དྲོད་ཁང་ཆེ་མོ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ནས་ཤང་སྲིད་གཞུང་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི་30བརྩོན་ལེན་བྱས་ཡོད།

རྒྱུན་གཏན་ལས་ཀའི་ཁྲོད་ཝང་ཀོན་ཅེ་ད་དུང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་བརྟག་ཞིབ་བྱེད་པར་སྐྱོད་དགོས་ཀྱི་ཡོད། བོད་ལ་ས་རྒྱ་ཆེ་ཞིང་ལམ་ཐག་རིང་བས་གཞི་རིམ་དུ་སྐྱོད་སྐབས་དུས་ཚོད་ཕལ་ཆེ་བ་ལམ་བར་དུ་འགོར་གྱི་ཡོད་པ་མ་ཟད། ད་དུང་ལ་དུག་ཁྱད་བསད་བྱེད་དགོས་ཀྱི་ཡོད། “མང་ཚོགས་ཀྱི་ཆེད་དུ་རང་ཉིད་ཀྱི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ་ཐུབ་ན་ཚང་མ་བྱེད་རིན་ཡོད་པ་ཞིག་རེད”ཅེས་པའི་ཝང་ཀོན་ཅེའི་སྐད་ཆ་དེ་ལས་བོད་དུ་ལས་བསྒྱུར་བྱས་པའི་འབུམ་རམས་པ་ཚང་མའི་སེམས་གཏམ་མཚོན་གྱི་ཡོད།

གཞི་རིམ་གྱི་སྨན་བཅོས་ཞབས་ཞུ་བའི་ལག་རྩལ་མཐོ་རུ་གཏོང་ཆེད། བོད་དུ་ལས་སྒྱུར་བྱས་པའི་འབུམ་རམས་པ་ཁྲེང་ཀྲེ་ལིས་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་ལས་ཀ་བྱེད་པའི་ལོ་འདི་དག་རིང་སྔ་རྗེས་སུ་གསོ་སྦྱོང་དང་འཆད་ཁྲིད་ཐེངས་7བྱས་ཏེ། “ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྤྱོད་གོ་ཆོད་པའི་ལག་རྩལ་ཤེས་ལྡན་པའི་གསོ་སྦྱོང”རྣམ་གྲངས་ལེགས་སྒྲུབ་བྱས་ནས། ལྗོངས་ཡོངས་ཀྱི་གཞི་རིམ་གྱི་སྨན་དོན་མི་སྣ་མི་ཐེངས་2000ལྷག་ཙམ་ལ་གསོ་སྦྱོང་བྱས་ཡོད། གཞན་ཡང་ཁོང་གིས“དངུལ་ཁང་དང་སྨན་ཁང་མཉམ་ལས”སོགས་སྨན་ཁང་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་རྣམ་གྲངས་མཐུན་སྦྱོར་ཧུར་ཐག་གིས་དོན་འཁྱོལ་བྱས་ཡོད།

ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྐྱོང་། ཕུགས་འདུན་དོན་གཉེར་བྱེད་རིང་འབུམ་རམས་པ་ཚོར་བློ་ཕམ་སྐྱེ་དགོས་པའང་བྱུང་ཡོད།

“བོད་དུ་སླེབས་རྗེས་གནོང་འགྱོད་ཆེ་ཤོས་ནི་ནང་མིར་ལྟ་རྟོག་མ་ཐུབ་པ་དེ་རེད”ཅེས་རུ་ཐོག་རྫོང་དུ་ལས་ཀ་བྱས་པའི་ལོ་འདི་དག་རིང་ལུའུ་ཆིང་ཧྲན་གྱིས་ས་སྲུང་མཐའ་བརྟན་གྱི་འགན་འཁྲི་ཕྲག་ཏུ་འཁུར་བས་ནང་མིར་ལྟ་རྟོག་བྱེད་པའི་དུས་ཚོད་ཧ་ལམ་མེད། 2017ལོར་ལུའུ་ཆིང་ཧྲན་གྱི་ཕར་སྐྲན་ནད་ཕོག་ནས་ཚེ་ལས་འདས་རུང་། ཕྲུ་གུའི་རྒན་མགོ་ཡིན་པའི་ཁོང་གིས་ཕར་ལྟ་རྟོག་ཡག་པོ་བྱེད་པའི་བསྐལ་བ་བྱུང་མེད། “བོད་དུ་འགྲོ་རྒྱུའི་སེམས་ཐག་བཅད་ཕྱིན་ལས་ཀ་ཡག་པོ་བྱེད་དགོས་ལ་བྱས་པའི་རྗེས་ཀྱང་ཐོན་དགོས”ཞེས་ཚེ་ལས་འདའ་ཁར་ཕས་བཤད་པའི་སྐད་ཆ་དེས་མུ་མཐུད་བོད་ལ་ལེགས་སྐྱེས་འབུལ་བའི་ལུའུ་ཆིང་ཧྲན་གྱི་ཆོད་སེམས་དང་བློ་སྟོབས་ཆེ་རུ་སོང་ཡོད།

ལས་ཀའི་རྐྱེན་པས་ཝང་ཀོན་ཅེ་བཟའ་ཟླར་ཕྲུ་གུ་སྐྱེ་བའི་དུས་རྗེས་མ་ཟིན་གྲབས་བྱས། “བཟའ་ཟླར་ཕྲུ་གུ་སྐྱེ་གྲབས་ཡོད་མོད། འོན་ཀྱང་ཉིན་དེ་དག་རིང་ལས་བྲེལ་ཆེ་ལ་ལས་འགན་ལྕི་བས་ལས་ཀ་འཕར་མ་བྱ་རྒྱུ་ལས་མ་འདས། སྟབས་ལེགས་པ་ཞིག་ལ་ཕྲུ་གུ་མ་སྐྱེས་གོང་གི་སྔ་ཉིན་དེར་ཁྱིམ་དུ་ལོག་ཐུབ་ཙམ་བྱུང་། ཡིན་ནའང་དགོངས་པ་ཉིན་3ལས་རགས་མེད་པས་ཡང་བསྐྱར་ལས་གནས་སུ་ལོག་དགོས་བྱུང”ཞེས་ནང་མི་ཚོ་དྲན་རིམ་བཞིན་ཝང་ཀོན་ཅེ་ཧ་ཅང་སེམས་མ་སྐྱིད་པ་བྱེད་ཀྱི་ཡོད།

གངས་ལྗོངས་ས་མཐོར་འབུམ་རམས་པ་ཚོ་སྔར་རྒྱུན་བཞིན་འབད་འཐབ་བྱེད་ཀྱིན་ཡོད་ལ། འབྱུང་འགྱུར་ཁོང་ཚོ་དང་འདྲ་བར་ས་མཐོར་ལེགས་སྐྱེས་འབུལ་མཁན་ཡང་ཇེ་མང་དུ་འགྲོ་རྒྱུ་རེད།

(སྐལ་མཆོག་གིས་བསྒྱུར། ཉི་དོན་གྱིས་ཞུས)