《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月03日

སྨར་ཁམས་རྫོང་རྨོག་ཤོད་ཤང་གི་མང་ཚོགས་ཀྱིས“ཁམས་པའི་ཚ་ལུ་མ་མངར་མོ”སོགས་བཏབ་ནས་མངགས་ཐོའི་ཞིང་ལས་འཕེལ་རྒྱས་བཏང་བ།

ཁྱད་ལྡན་འདེབས་ལས་འཕེལ་རྒྱས་བཏང་བས་ དམངས་ལ་འབབ་འཕར་བྱུང་བ།

ཞོགས་པའི་ཉི་གཞོན་ཤར་རིའི་རྩེ་ནས་འཆར་སྐབས་ང་ཚོ་སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་ནས་ཐོན་ཏེ་སྨོག་ཤོད་ཤང་དུ་བསྐྱོད་པ་ཡིན། བྱང་ཕྱོགས་སུ་ལམ་ཆུང་ཞིག་བརྒྱུད་ནས་ཡུད་ཙམ་བསྐྱོད་པ་དང་། རྫ་ཆུ་བསྒྲལ་ནས་ཕར་ཕྱོགས་ཀྱི་རྒྱལ་ལམ་214རུ་སླེབས་རྗེས་རླངས་འཁོར་གྱི་ཁ་ལོ་བསྒྱུར་ཏེ་ཆབ་མདོ་གྲོང་ཁྱེར་གྱི་ཆེས་ལྷོ་སྣེར་བསྐྱོད་པ་ཡིན།

ཆུ་ཚོད་གཉིས་ཙམ་སོང་རྗེས་རྫ་ཆུའི་ཕར་ངོགས་ཀྱི་རི་གཤམ་དུ་མི་ཁྱིམ་རིམ་བཞིན་མང་དུ་སོང་བ་དང་སྦྲགས། ཁ་ལོ་བ་ལྷུན་གྲུབ་ཀྱིས་རྨོག་ཤོད་ཤང་དུ་སླེབས་སོང་ཞེས་བརྗོད་བྱུང་། རྨོག་ཤོད་ཤང་ནི་ཡུན་ནན་དང་ཐག་ཉེ་པོ་ཡོད་པས་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་བལྟོས་བཅས་ཀྱིས་ལེགས་པ་ཡོད། ས་བབ་མཐོ་ཚད་སྨི་2200ལས་མེད་པ་དང་། ཨ་གདོང་གྲོང་ཚོ་ནི་ཞིང་ལས་རྐྱང་པའི་གྲོང་ཚོའི་ཁོངས་སུ་གཏོགས་ཤིང་། དེར“བོད་སྐྱོད་ཀྱི་གྲོང་ཚོ་དང་པོ”ཞེས་འབོད་སྲོལ་ཡོད། མིང་དེ་ནི་ཡུན་ནན་ནས་བོད་དུ་སྐྱོད་སའི་ལམ་གྱི་ངོས་ནས་བཤད་པ་ཞིག་རེད།

སྨར་ཁམས་རྫོང་རྨོག་ཤོད་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཁའེ་ཧྥུང་གིས་ང་ཚོ་བསྒུགས་ནས་བསྡད་འདུག ཁོང་གིས“ཕ་གིར་གཟིགས་དང་། ཐག་ཉེ་སར་བཏབ་པ་ཚང་མ་རྒུན་འབྲུམ་རེད། ས་ཆ་འདིར་རྨོ་ཞིང་ཉུང་བས་མི་སེར་ཚོས་རི་སྐེད་ཀྱི་ས་སྟོང་དུ་འབྲས་ཤིང་མང་པོ་བཏབ་ཡོད། སྔོ་ཐིང་ཐིང་གི་འབྲས་ཤིང་དེ་དག་ནི་ང་ཚོས་དབུན་ཀྲོའུ་ནས་ནང་འདྲེན་བྱས་པའི་ཚ་ལུ་མ་མངར་མོ་རེད། འདི་གར་ཉི་འོད་འཕྲོ་ཤུགས་ཆེ་བས་སྨིན་པའི་འབྲས་བུ་ནང་ས་ལས་མངར་བ་ཡོད། དེར་བརྟེན་ཚ་ལུ་མ་འདིར‘ཁམས་པའི་ཚ་ལུ་མ་མངར་མོ’ཞེས་པའི་མིང་གསར་པ་ཞིག་ཐོག་ཡོད། རྨོ་ཞིང་འདི་དག་ད་ཆ་དཔལ་འབྱོར་གྱི་འཕར་གཞིར་མངོན་འགྱུར་བྱུང་ཡོད”ཅེས་ང་ཚོར་བཤད་བྱུང་།

མ་གཞི་ཆུ་བོའི་ཚུར་ངོགས་ནས་རྒྱང་ལྟ་བྱས་ཀྱང་། སྐྱེ་སྟོབས་ཀྱི་དཔལ་འབར་བའི་འབྲས་ཤིང་གི་གསེབ་ཏུ་ཁང་པ་དཀར་པོ་དག་གསལ་ལེར་མཐོང་གི་འདུག གྲལ་འགྲིག་པའི་རྒུན་འབྲུམ་ཤིང་གི་འདེགས་སྒྲོམ་དག་ནི་དམག་མི་ཚོས་ས་གཞི་དེ་སྲུང་སྐྱོབ་བྱེད་པ་དང་གཉིས་སུ་མེད།

ཁྲེན་ཁའེ་ཧྥུང་གིས་ཨ་གདོང་གྲོང་ཚོའི་རྒུན་འབྲུམ་འདེབས་སར་ཀྲི་པུའུ+རྟེན་གཞི+ཞིང་དུད+ཁེ་ལས+མཉམ་ལས་ཁང་གི་གཉེར་སྐྱོང་བྱེད་སྟངས་སྤྱད་པ་དང་། མདོར་བསྡུས་ནས་བཤད་ན་དེ་ནི་མངགས་ཐོའི་ཞིང་ལས་རེད། འདི་ལོར་ཨ་གདོང་གྲོང་ཚོའི་མུའུ་ཝ་ཚོགས་ཆུང་གི་གྲོང་དུད་41གིས་རྒུན་འབྲུམ་ཁོ་ན་བཏབ་པར་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་ཡོང་གི་ཡོད། རྫ་ཆུའི་རྒྱུད་ཀྱི་གྲོང་ཚོ་ཚང་མའི་གཉེར་སྐྱོང་རྣམ་པ་འདི་ལྟར་རེད་ཅེས་ངོ་སྤྲོད་བྱས་བྱུང་།

ཡུད་ཙམ་ལ་ང་ཚོ་གྲོང་མི་པད་མའི་ཁྱིམ་གྱི་སྒོ་རའི་མདུན་དུ་སླེབས་བྱུང་། ཁོང་གི་སྒོ་རའི་ཕྱོགས་སུ་ལྟ་གི་ཡོད་པ་མཐོང་འཕྲལ་མེ་ཏོག་ལ་ཆུ་རྒྱག་བཞིན་པའི་པད་མས་སེམས་རྩ་འཁོལ་པོས་ང་ཚོ་ནང་ལ་དྲངས་བྱུང་།

པད་མ་འདི་ལོར་ལོ་52ཡིན་ཞིང་། 1992ལོར་ཉེ་འགྲམ་གྱི་གྲོང་ཚོ་ནས་ཨ་གདོང་གྲོང་ཚོར་མག་པར་སླེབས་པ་དང་། ད་ཆ་བུ་མོ་གཉིས་ཀ་ཕྱིར་ལས་ཀར་བསྐྱོད་ནས་བསྡད་མེད།

ཉེ་བའི་ལོ་ཤས་རིང་བུ་མོ་གཉིས་ལས་གཅིག་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་དུ་དགེ་རྒན་དང་གཅིག་ཉིང་ཁྲི་གྲོང་ཁྱེར་གནམ་གཤིས་ཅུས་སུ་ལས་ཀ་བྱེད་ཀྱི་ཡོད་པའི་དབང་གིས་ཁྱིམ་དུ་ཁོང་བཟའ་ཚོ་དང་ཕ་ལས་ལྷག་མེད། གྲོང་ཚོའི་ལས་བྱེད་པ་དང་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་གི་ངོས་ནས། པད་མས་མང་ཚོགས་དང་མཉམ་དུ་བློ་ནུས་ཡོད་ཚད་ཕ་ཡུལ་འཛུགས་སྐྲུན་ལ་བཞག་པ་དང་། གྲོང་མི་གཞན་དག་བཞིན་རྒུན་འབྲུམ་འདེབས་པ་ཕུད། ཁོང་ཁྱིམ་གྱིས་ད་དུང་ཕག་པ་གསོ་བ་དང་འབྲས་ཤིང་འདེབས་ཀྱི་ཡོད། འདི་ལོར་རྒུན་འབྲུམ་བཙོངས་པ་ཁོ་ནར་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་བྱུང་བ་རེད།

ཁྲེན་ཁའེ་ཧྥུང་གིས་ཁྲུང་ཆིང་གི་ཁེ་ལས་ཤིག་ཕྱི་དྲོར་གྲོང་ཚོར་སྦྲང་རྩི་ཉོ་བར་ཡོང་བའི་སྐོར་ཞིང་། ང་ཚོར་སྦྲང་ནོར་བུ་གསོ་སྟངས་ངོ་སྤྲོད་བྱས་བྱུང་།

རྨོག་ཤོད་ཤང་གི་ས་བབ་ཅུང་དམའ་བ་དང་། གནམ་གཤིས་ཚ་གྲང་སྙོམས་པ། རྩྭ་དང་མེ་ཏོག་སྐྱེས་འཚར་བཟང་བ་བཅས་ཀྱི་རང་བྱུང་ཆ་རྐྱེན་བཟང་པོ་ཡོད་པས་སྦྲང་ནོར་བུ་གསོས་ན་ཧ་ཅང་འཚམ་པོ་ཡོད། འདི་གར་སྦྲང་ནོར་བུ་གསོས་ན་ལོ་རྒྱུས་ཡུན་རིང་ལྡན་ཡོད། དེར་བརྟེན་སྲིད་གཞུང་གིས་དུད་ཚང་དབུལ་པོས་སྦྲང་ནོར་བུ་གསོ་བར་སྐུལ་ལྕག་བྱས་པ་དང་འབྲེལ། སྒམ་ནང་སྦྲང་ནོར་བུ་གསོ་བར་ལག་རྩལ་དང་མ་དངུལ་ཐད་ནས་རྒྱབ་སྐྱོར་ཀྱང་བྱས་ཡོད། ན་ནིང་ཤང་ཡོངས་སུ་སྦྲང་རྩི་ཐོན་པའི་སྦྲང་ནོར་བུའི་སྒམ་318ཡོད་པ་དེ་དག་གནད་སྨིན་དབུལ་སྐྱོར་དུད་ཚང་65དང་འབྲེལ་ལ། མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་བྱུང་ཡོད་པ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)