《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月03日

ཁྲེན་ཡུང་ཆིས་བརྙན་ལམ་ནས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འབྲེལ་གཏུག་ས་ཚིགས་ཀྱི་དག་ཐེར་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་1ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆིས་བརྙན་ལམ་ནས་འབྲེལ་གཏུག་ས་ཚིགས་ལྷུན་རྩེ་རྫོང་ཞིང་པ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ནུས་མེད་ཟབ་ཟོབ་ཀྱི་གནད་དོན་དག་ཐེར་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་སྦྲགས། ལྗོངས་ཡོངས་ཀྱི་དག་ཐེར་ལས་དོན་ལ་བླང་བྱ་ཡང་བཏོན་གནང་བ་རེད།

ཁྲེན་ཡུང་ཆིས་རྫོང་ཨུད་ནི་ཏང་གི་གྲོང་གསེབ་ལས་དོན་གྱི་འཐབ་ས་མདུན་མར་གནས་ཡོད་པས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཏང་གི་གྲོང་གསེབ་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན། བྱེད་པོའི་འགན་འཁྲི་ནན་ཏན་སྒྲུབ་པ་བཅས་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་སྲུང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟམ་སྣེའི་བཙན་རྫོང་དང་མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག་དང་མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པར་འགྱུར་བར་བྱེད་དགོས། “དོན་ཆེན་བཞི”ལ་དམ་པོར་དམིགས་ནས་གཞི་རིམ་ཏང་འཛུགས་སྐྱོང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར། གཞི་རིམ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ལས་འགན་གལ་ཆེན་ནང་མཉམ་འདྲེས་བྱས་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དང་མཐའ་སྟོབས་མཐའ་བརྟན་ལ་སྐུལ་འདེད་གཏོང་རིང་གཞི་རིམ་ཏང་རྩ་འཛུགས་ཀྱི་ཁྲིད་སྟོན་ནུས་པ་གང་ལེགས་འདོན་དགོས་ཞེས་གསུངས་པ་རེད།

(མཚམས་གཅོད་ཀྱིས་བསྒྱུར། པ་ཚེས་ཞུས)