《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月24日

ཡན་ཅིན་ཧའེ་ཡིས་གཞིས་རྩེར་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་10ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་རིའི་རྟེན་རྫས་བཤམས་མཛོད་ཁང་དང་།ཇོ་མོ་གླང་མའི་ཧྭ་ལྗང་སྣོད་བཅུད་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི། གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭ་བཅས་སུ་ཕེབས་ནས་རིག་དངོས་སྲུང་སྐྱོབ་དང་། ནས་ཐོན་འཕར། སློབ་གསོའི་ལས་དོན་བཅས་ལ་བརྟག་ཞིབ་གནང་བ་རེད།

རྫོང་རིའི་རྟེན་རྫས་བཤམས་མཛོད་ཁང་དུ་ཡན་ཅིན་ཧའེ་ཡིས་འགྲེམས་རྫས་ལ་གཟིགས་པ་དང་འགྲེལ་བཤད་ནན་ཏན་གསན་པ་དང་འབྲེལ་ལས་དོན་མི་སྣར་འབྲེལ་ཡོད་གནས་ཚུལ་འདྲི་རྩད་ཞིབ་ཕྲ་གནང་བ་རེད། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལོ་རྒྱུས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱས་ཏེ་འགྲེམས་རྫས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། རིག་དངོས་ནང་འདུས་པའི་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་སྙིང་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་ཞེས་བསྟན་གནང་བ་རེད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

“ཐོན་སྐྱེད་ཀྱི་མ་བཅོས་རྒྱུ་ཆ་གང་ནས་བྱུང་བ་ཡིན་ནམ། ལོའི་ཐོན་འབོར་ཇི་ཙམ་ཡོད་དམ། ནས་ཀྱི་ཐོན་འཕར་ཐད་ནུས་པ་ཇི་ཙམ་ཐོན་གྱི་ཡོད་དམ”ཞེས་ཇོ་མོ་གླང་མའི་ཧྭ་ལྗང་སྣོད་བཅུད་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིར་ཡན་ཅིན་ཧའེ་ཡིས་ལུད་ཞིབ་སྤེལ་དང་ཐོན་སྐྱེད་གནས་ཚུལ་དང་དེ་བཞིན་ནས་ཐོན་འཕར་དང་། མཐོ་གྲང་ས་ཁུལ་གྱི་ལུད་སྙོལ་བ་སོགས་དེང་རབས་ལག་རྩལ་སྐོར་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། སྐྱེ་ལྡན་ལུད་བེད་སྤྱོད་ཁྱབ་གདལ་བཏང་ཚེ་ཞིང་ལས་ཐོན་འཕར་དང་། ཞིང་པའི་འབབ་འཕར་ལ་སྐུལ་མ་ཐེབས་ནས་ཞིང་འབྲོག་པའི་ཚན་རིག་དང་མཐུན་པའི་ངང་ཞིང་འདེབས་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་ཐུབ་པ་དང་། ནས་དང་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་པར་དོན་དམ་པའི་དོན་སྙིང་ཆེན་པོ་ལྡན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་ཞིང་འབྲོག་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སོན་བཟང་དང་ཐབས་བཟང་ཁྱབ་གདལ་གཏོང་བ། ས་ཞིང་ཐོན་འཕར་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ། སྐྱེ་ལྡན་ལུད་ཁྱབ་གདལ་བེད་སྤྱོད་བྱེད་ཚད་ཆེ་རུ་གཏོང་བ། དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ། དེང་རབས་ཞིང་འབྲོག་ལས་ཐོན་ལས་ཀྱི་མ་ལག་དང་། ཐོན་སྐྱེད་ཀྱི་མ་ལག གཉེར་སྐྱོང་མ་ལག་བཅས་བསྐྲུན་མགྱོགས་སུ་གཏོང་བ་བཅས་བྱས་ཐོག ཞིང་འབྲོག་ལས་ཐོན་འཕར་ཕན་འཕར་དང་ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་དགོས།

གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭར་ཡན་ཅིན་ཧའེ་ཡིས་ས་གནས་ས་ཐོག་ཏུ་སློབ་གྲྭའི་ཀུན་སྤྱོད་སློབ་གསོའི་ལས་དོན་གྱི་གཡུལ་ས་འཛུགས་སྐྲུན་ལ་ལྟ་སྦྱོང་མཛུབ་ཁྲིད་གནང་བ་དང་། སློབ་མའི་ཚོགས་པ་དང་། ས་གཤིས་སྣོད་བཅུད་མྱོང་རོལ་ཁང་། དགེ་རྒན་གྲགས་ཅན་གྱི་ལས་དོན་ཁང་། 3Dཔར་རྒྱག་སློབ་ཚན། སློབ་མའི་ཟ་ཁང་བཅས་ལ་ལྟ་སྐོར་གནང་ནས། སློབ་གྲྭའི་འཛུགས་སྐྲུན་དང་། སློབ་གསོའི་དོ་དམ་དང་དེ་བཞིན་སློབ་མ་ཚོའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་སྟེ། སློབ་གྲྭས་རྒྱལ་གཅེས་རིང་ལུགས་སློབ་གསོ་དང་། སློབ་མའི་མོས་ཕྱོགས་སྐྱེད་སྲིང་བྱེད་པ། སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཁས་ལེན་གནང་བ་རེད། ཁོང་གིས་བསྟན་གནང་དོན། རིམ་ཁག་སློབ་གསོ་སྡེ་ཚན་གྱིས་མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། སུའི་ཆེད་དུ་གསོ་སྐྱོང་བྱེད་པ། ཇི་ལྟར་གསོ་སྐྱོང་བྱེད་པ་བཅས་ཀྱི་རྩ་བའི་གནད་དོན་ལ་དམ་པོར་དམིགས་ནས་ཏང་གི་སློབ་གསོའི་མཛད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀུན་སྤྱོད་བཟང་པོས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་མཐའ་འཁྱོངས་ཀྱིས་སློབ་གྲྭའི་བསམ་བློའི་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། སློབ་གྲྭའི་རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་བསམ་བློའི་ཆབ་སྲིད་ལས་དོན་དེ་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས། “བོད་སྐྱོར་རྒྱབ་ཕྱོགས”ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དགེ་རྒན་གྱི“བརྒྱུད་རོགས་ཁྲིད”གསུམ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་སྔོན་ཐོན་གྱི་སློབ་ཁྲིད་ཉམས་མྱོང་དང་སློབ་ཁྲིད་བྱེད་ཐབས་ལ་སློབ་སྦྱོང་བྱེད་པ་དང་། སློབ་ཁྲིད་ཀྱི་སྤུས་ཚད་དང་སློབ་གཉེར་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཚད་ལོན་པའི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་སྐྱེད་སྲིང་ཧུར་ཐག་བྱེད་དགོས།