《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月24日

ཤིང་དང་རྒྱུད་སྐུད་བར་ནས་མངོན་པའི་བཟོ་བོའི་སྙིང་སྟོབས་།

—— སྲོལ་རྒྱུན་ལག་ཤེས་ལ་བརྟེན་ནས་སྒྲ་སྙན་བཟོ་མཁན་ཉི་མ་ཚེ་རིང་གི་སྐོར་བཀོད་པ།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྐུ་འབུམ་ཐང་ལམ་དུ་སྲོལ་རྒྱུན་ལག་ཤེས་ཀྱི་སྒྲ་སྙན་བཟོ་ས་ཞིག་ཡོད་པ་རེད། སྒྲ་སྙན་བཟོ་ས་དེའི་སྦྱིན་བདག་ཉི་མ་ཚེ་རིང་ནི་སྒྲ་སྙན་བཟོ་བའི་ཉམས་མྱོང་ལོ་20ལྷག་ཙམ་ཡོད་པའི་སྒྱུ་རྩལ་པ་རྒན་རབས་ཤིག་རེད། ང་ཚོས་ཉི་མ་ཚེ་རིང་གིས་བཟོས་པའི་སྒྲ་སྙན་ལ་ལག་པ་འཆང་སྐབས། བྱིས་པ་དམར་འབྱར་ཞིག་གི་གདོང་ལ་བྱིལ་བྱིལ་བྱས་པ་ལྟར། འཇམ་ཞིང་མཉེན་ལ་འོད་མདངས་བཀྲ་བས། དེ་ནི་བརྟན་ལ་འཁྱུག་པའི་ཕྱག་སོར་དང་། དྭངས་ཤིང་གཙང་བའི་སེམས་ཁམས་ཀྱིས་ལོ་ངོ་ཉི་ཤུ་ལྷག་གི་ལོ་ཟླའི་ཁྲོད། ཡང་ནས་བསྐྱར་དུ་ཞུན་བརྡར་བྱས་པའི་བཟོ་བོའི་སྙིང་སྟོབས་ལས་ཐོན་པའི་ཁྱད་འཕགས་ཀྱི་རོལ་ཆ་ཁོ་ནར་ངེས།

པར①ནི་ཉི་མ་ཚེ་རིང་གིས་སྒྲ་སྙན་གྱི་གདངས་སྒྲིག་བཞིན་པ།

པར②ནི་བཟོ་ལྟ་དང་ཆེ་ཆུང་མི་འདྲ་བའི་སྒྲ་སྙན་ཡིན་པ།

པར③ནི་སྒྲ་སྙན་དཀྲོལ་བཞིན་པའི་རྣམ་པ་ཡིན་པ།

པར④ནི་སྒྲ་སྙན་བཟོ་སྐབས་ཤིང་ལ་འཇམ་ཤ་འདོན་བཞིན་པ།

པར⑤ནི་ཤིང་གི་ཚད་འཇལ་བཞིན་པ།

པར⑥ནི་ཉི་མ་ཚེ་རིང་གིས་སྒྲ་སྙན་བཟོ་བྱེད་ཀྱི་ཤིང་དུམ་བྲེགས་བཞིན་པ།

པར⑦ནི་གསར་དུ་བཟོས་ཟིན་པའི་སྒྲ་སྙན་ཡིན་པ།

སེམས་ལ་བསམས་པའི་སྒྲ་སྙན་ཞིག་གི་སླད་དུ་།

མཁའ་དབྱིངས་ལས་སྦྲང་ཆར་སིམ་སིམ་དུ་འབབ་བཞིན་པའི་ཟླ་བ་ལྔ་པའི་ཉིན་ཞིག ང་ཚོ་ལྷ་ས་གྲོང་ཁྱེར་སྐུ་འབུམ་ཐང་ལྷོ་ངོས་ཀྱི་ལམ་དུམ་དུ་འབྱོར་མ་ཐག རྒྱང་རིང་ནས་རྣ་བར་སྙན་ཞིང་འཇེབས་པའི་རོལ་མོའི་སྒྲ་ལྷང་ལྷང་དུ་གྲགས་འོང་། ཉེ་བར་བཅར་དུས་དེ་ནི་ཉི་མ་ཚེ་རིང་གིས་སློབ་ཕྲུག་ཚོར་སྒྲ་སྙན་གྱི་རྩ་བའི་དཀྲོལ་སྟངས་སློབ་བཞིན་པའི་རོལ་དབྱངས་ཀྱི་འགྱུར་ཁུག་རེད་འདུག

ཉི་མ་ཚེ་རིང་ནི་འཕན་པོ་ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་གི་གྲོང་ཚོ་ཞིག་ཏུ་སྐྱེས་ཤིང་། ལོ་ལྔ་བཅུ་ལས་ཡོལ་བའི་ཁོང་གིས་སྐྲ་ལོ་རིང་པོ་རྒྱབ་ཏུ་བཅིངས་པས། སྒྱུ་རྩལ་པ་མཁས་ཅན་ཞིག་ལ་མངའ་བའི་ཉམས་འགྱུར་ཞིག་མངོན་འོང་།

ལོ་བཅུར་སླེབས་སྐབས། ཉི་མ་ཚེ་རིང་ཐོན་སྐྱེད་རུ་ཁག་གི་དྲིལ་བསྒྲཌ་རུ་མིའི་སློབ་མར་བདམས། ཞིང་ལས་དལ་དུས་རྟག་ཏུ་དྲིལ་བསྒྲཌ་རུ་ཁག་ཏུ་གླུ་གཞས་དང་། ཞབས་བྲོ། དེ་བཞིན་འཁྲབ་སྟོན་གཞན་སྦྱོང་བར་འགྲོ་དགོས་ཀྱི་ཡོད། ལོ་18ལ་སླེབས་སྐབས། འཕན་པོའི་ཞིང་རར་ཉི་མ་ཚེ་རིང་དངོས་སུ་དྲིལ་བསྒྲགས་རུ་ཁག་གི་རུ་མིར་བདམས་ཤིང་། གནས་དེ་ནས་ཁོང་ལ་སྒྲ་སྙན་པང་དུ་ལེན་པའི་གོ་སྐབས་ཐོག་མར་བྱུང་།

“སྐབས་དེ་དུས། སྒྲ་སྙན་ནི་ཤིན་ཏུ་རྩ་ཆེ་བས། ངའི་མིག་ཏུ་དེ་ནི་ནོར་བུ་ལྟར་དུ་མཐོང་གི་ཡོད། ལྷུན་གྲུབ་རྫོང་དུ་སྒྲ་སྙན་དཀྲོལ་ཤེས་མཁན་ཧ་ཅང་ཉུང་ཉུང་ཡིན་ཞིང་། དངོས་པོའི་དཔལ་འབྱོར་གྱི་འཁོས་ཀ་ཞན་པའི་ལོ་རབས་དེ་དག་ཏུ། སྒྲ་སྙན་ཞིག་བཟོ་བའམ་དེ་ལ་ཉམས་བཟོ་བྱེད་རྒྱུ་ནི་ལས་སླ་པོ་རྩ་བ་ནས་མིན་པས། རྒན་ལགས་ཀྱིས་དུས་ཡུན་རིང་པོར་སྒྲ་སྙན་ལ་ལག་པ་འཆང་དུ་འཇུག་མི་སྲིད”ཅེས་ཉི་མ་ཚེ་རིང་གིས་དེ་ལྟར་དྲན་གསོ་བྱེད་བཞིན་དུ་བརྗོད།

དཔའ་ངར་ལྡན་ཞིང་སྤྲོ་སེམས་འཁོལ་བའི་གསར་བརྗེའི་གླུ་གཞས་སམ་སྙན་འཇེབས་ལྡན་ཞིང་འགྱུར་ཁུག་རིང་བའི་བོད་ཀྱི་དམངས་གླུ་ཅི་ཞིག་ཡིན་རུང་། དྲིལ་བསྒྲགས་རུ་ཁག་གི་རྒན་ལགས་ཀྱི་སོར་རྩེ་ཡར་མར་འགུལ་བའི་སྟངས་སྟབས་ཁྲོད། སྒྲ་སྙན་ལས་གྲགས་པའི་གདངས་དབྱངས་ནི་རྣ་བའི་བདུད་རྩི་ཁོ་ནར་སྨིན་པས། ཉི་མ་ཚེ་རིང་སྒྲ་སྙན་ལ་དགའ་ཞེན་ལྷག་ཏུ་སྐྱེས། རྒན་ལགས་ཕྱི་ལོགས་སུ་ཕེབས་པའི་སྐབས། ཉི་མ་ཚེ་རིང་གིས་ཁ་རོག་ཏུ་སྒྲ་སྙན་པང་དུ་བླངས་ཏེ། ཁང་པའི་ཟུར་དུ་གབ་ནས་རྒན་ལགས་ཀྱི་བཟོ་ལྟར་ལད་མོ་བྱས་ཏེ་སོར་རྩེས་རྒྱུད་སྐུད་ཡར་མར་དཀྲོལ་ཏེ་རྒྱུད་སྐུད་མི་འདྲ་བའི་གདངས་ལ་གཟབ་ནན་གྱིས་ཉན། “མ་བསླབས་རང་བཞིན་དུ་གྲོལ་བ་ལྟར། ངས་སྒྲ་སྙན་དཀྲོལ་སྟངས་མགྱོགས་པོ་ཤེས་བྱུང”ཞེས་ཉི་མ་ཚེ་རིང་གིས་བརྗོད། དྲིལ་བསྒྲགས་རུ་ཁག་དུ་སྡོད་རིང་། ཉི་མ་ཚེ་རིང་གིས་ཕྱོགས་གཅིག་ནས་སྒྲ་ཕབ་འཕྲུལ་འཁོར་ལས་སྒྲ་སྙན་གྱི་གཞས་གློད་ནས་ཉན་པ་དང་། ཕྱོགས་གཞན་ཞིག་ནས་རྒན་ལགས་ཀྱི་སྒྲ་སྙན་སྤྱད་ནས་དཀྲོལ་སྟངས་སྦྱངས།

ལོ་23ལ་སླེབས་སྐབས། ཉི་མ་ཚེ་རིང་གིས་དྲིལ་བསྒྲགས་རུ་ཁག་ནས་རྩ་དགོངས་ཞུས་ཏེ། པ་ཕ་དང་མཉམ་དུ་ཤིང་བཟོ་བ་བྱས་པ་རེད། ཆུང་བྱིས་པའི་དུས་ནས་བབ་ཆགས་ཟབ་མོ་ཡོད་པའི་ཁར། དགའ་ཞེན་ཆེན་པོ་ཡོད་སྟབས། པ་ཕའི་ནན་ཏན་གྱི་མཛུབ་ཁྲིད་འོག ལོ་འགའ་ཤས་ལས་མ་འགོར་བར་ཉི་མ་ཚེ་རིང་གིས་སྒོའི་རུ་བཞི་དང་། ཁང་པའི་མདའ་ཡབ། ནང་ཆས་སོགས་བཟོ་ཤེས་པ་མ་ཟད། གང་སར་ཤིང་བཟོ་བྱེད་པར་བསྐྱོད། ལོ་ཞིག ཉི་མ་ཚེ་རིང་ནག་ཆུར་ཁྱིམ་ཚང་ཞིག་གི་ཁང་པ་རྒྱག་པར་འགྲོ་སྐབས། རོགས་པ་ཞིག་གིས་ཁོང་གིས་སྒྲ་སྙན་དཀྲོལ་ཤེས་པའི་སྐོར་གོ་ཐོས་བྱུང་མ་ཐག གྲོང་མི་ཚོར་སྒྲ་སྙན་སློབ་རོགས་ཞེས་ཁོང་ལ་རེ་བ་ནན་པོ་བཏོན། ཉི་མ་ཚེ་རིང་གིས་ཁས་བླངས་པའི་ཤིང་བཟོའི་ལས་རྣམས་ཚར་བ་དང་། རོགས་པ་དེའི་རེ་བ་དང་ལེན་བྱས་ཏེ། ནག་ཆུར་སྒྲ་སྙན་བསླབས་ནས་ཟླ་བ་བརྒྱད་བསྡད། ཐེངས་དང་པོར་དགེ་རྒན་བྱས་པའི་མྱོང་བ་ལས། རང་ཉིད་ཀྱིས་སྒྲ་སྙན་དཀྲོལ་ཤེས་པ་མ་ཟད། ད་དུང་སློབ་ཕྲུག་ལ་བསླབས་ཐུབ་པས་ཉི་མ་ཚེ་རིང་གི་སེམས་ལ་སྤོབས་སེམས་ཆེན་པོ་སྐྱེས།

ས་ཕྱོགས་གང་སར་སྒྲ་སྙན་བཟོ་བའི་ལག་རྩལ་སྦྱོང་བར་བསྐྱོད་པ་།

སྤྱི་ལོ་1981ལོའི་ཉིན་ཞིག ཉི་མ་ཚེ་རིང་ལྷ་སའི་ཁྲོམ་གཞུང་དུ་འཆམ་འཆམ་དུ་བསྐྱོད་ནས་པེ་ཅིང་དཀྱིལ་ལམ་དུ་སླེབས་སྐབས། མིག་ལམ་དུ་རོལ་ཆ་ཚོང་ཁང་ཞིག་མཐོང་བས། དེ་མུར་ཁོང་གི་གོམ་པ་སྤོ་མཚམས་ཆད། བཟོ་ལེགས་པའི་སྒྲ་སྙན་ཞིག་ཚོང་ཁང་གི་དབུས་སུ་མཐོན་པོར་བཀལ་ཡོད་ཅིང་། རྒྱུད་སྐུད་ག་ལེར་དཀྲོལ་བ་ལས་སྙན་ཞིང་ཡིད་དབང་འཕྲོག་པའི་སྒྲ་གྲགས་འོང་། “སྦྱིན་བདག་གིས་སྒོར་2500ཡིན་ཟེར་གྱིས། གོང་ཧ་ཅང་མཐོ་པོ་རེད། སྐབས་དེ་དུས་བོད་ཐུག་ཕོར་པ་གཅིག་ལ་སྒོར་ཟུར་6བྱས་ནས་བཙོངས་ཀྱི་ཡོད”སྐབས་དེར་ཉི་མ་ཚེ་རིང་གིས་སྟོང་ལྷང་ལྷང་གི་དངུལ་ཁུག་ལ་འཕུར་ཙམ་བྱེད་བཞིན་དུ་ཡིད་ལ་དེ་ལྟར་འཁོར། དུས་དེ་ནས་བཟུང་། སྒྲ་སྙན་དེའི་བཟོ་ལྟ་ཉི་མ་ཚེ་རིང་གི་སེམས་དབུས་སུ་རྡོ་ལ་རི་མོ་བརྐོས་པ་ལྟར་ཟུག་སྟེ། ཁོང་གིས་སྒྲ་སྙན་སྤུས་ལེགས་ཤིག་བཟོ་བའི་འདུན་པ་སེམས་ལ་བརྟན་པོར་བརྐོས།

ཕྱིས་སུ། ཉི་མ་ཚེ་རིང་ཉིང་ཁྲིར་བསླེབས་ནས། རོགས་པས་ཁོང་ནང་མ་ཁང་དུ་སྒྲ་སྙན་དཀྲོལ་བར་སྐད་བཏང་བས། ཁོང་གིས་དགའ་མགུ་ཡི་རངས་ངང་མོས་མཐུན་བྱས་མོད། འོན་ཀྱང་། སྒྲ་སྙན་མེད་པས་ཇི་ལྟར་བྱེད་དགོས་སམ།

རང་ཉིད་ནི་ཤིང་བཟོ་བ་ཞིག་ཡིན་པའི་ཁར། ཉིང་ཁྲིར་ཤིང་རྒྱུ་འཛོམས་པས། རང་གིས་སྒྲ་སྙན་ཞིག་བཟོས་ན་མི་འགྲིག་གམ། དེ་ལྟར་བསམ་པ་དང་ལག་ལེན་དུ་བསྟར་ནས་ཉི་མ་ཚེ་རིང་གིས་མི་ཚེ་འདིའི་སྒྲ་སྙན་དང་པོ་དེ་བཟོས་པ་རེད། མཚལ་དམར་གྱི་བཀྲག་རྩི་བུད་ནས་སྐྱ་ཤུར་ཤུར་དུ་གྱུར་ཞིང་། བཟོ་དེ་ཙམ་ལེགས་པོ་མེད་པས། ཕྱི་ངོས་མི་སྙོམས་འབར་འབུར་དུ་སྣང་ཡང་། ལོ་ངོ་ཉི་ཤུ་ལྷག་ཙམ་ཕར་ལ་འདས་རྗེས། ད་ལྟ་ཡང་སྒྲ་སྙན་དེ་ཉི་མ་ཚེ་རིང་གི་ལས་དོན་ཁང་དུ་ཉར་ཚགས་བྱས་ཤིང་། དེ་ནི་ཉི་མ་ཚེ་རིང་གི་མི་ཚེ་གཅིག་གི་རིན་ཐང་ཆེ་བའི་དྲན་གསོ་ཁོ་ནར་གྱུར།

སེམས་ལ་བསམས་པའི་སྒྲ་སྙན་ཞིག་བཟོ་བའི་སླད་དུ། ཉི་མ་ཚེ་རིང་གིས་བོད་ཀྱི་ས་ཆ་ཁག་གི་སྒྲ་སྙན་བཟོ་རྩལ་མཁས་པ་དག་གི་སྐུ་མདུན་དུ་བཅར་ནས་ས་ཆ་མི་འདྲ་བའི་སྒྲ་སྙན་བཟོ་སྟངས་སྦྱངས།

ལོ་ངོ་བཅུ་ཕྲག་རིང་གི་སློབ་སྦྱོང་དང་ཞིབ་འཇུག་བརྒྱུད། ཉི་མ་ཚེ་རིང་གིས་སྟག་པ། སྦྱར་པ། ག་བུར་ཤིང་བཅས་སྤྱད་ནས་སྒྲ་སྙན་གྱི་ཁོག་པ་བཟོ་བ་དང་། སྦྲུལ་ལྤགས་དང་། ཉ་ལྤགས། ར་ལྤགས་བཅས་ཀྱིས་སྒྲ་སྙན་གྱི་ངོས་བཟོ་བ། བརྒྱངས་དཀྲོལ་གྱི་སྐུད་པ་དང་། ཉ་སྐུད། བྱ་སྒྲོའི་སྤོ་ལོའི་སྐུད་པ་སོགས་སྤྱད་ནས་རྒྱུད་སྐུད་བཟོ་བ་བཅས་ཀྱི་ལག་རྩལ་བྱང་ཆུབ་ནས། མངའ་རིས་སྒྲ་སྙན་དང་། དིང་རིའི་སྒྲ་སྙན། ལྷ་སའི་སྒྲ་སྙན། སྨར་ཁམས་སྒྲ་སྙན་སོགས་ས་ཁོངས་མི་འདྲ་བ་དགུ་ཡི་སྒྲ་སྙན་བཟོ་ཤེས་ཤིང་། ཁོང་གིས་ཕྱིའི་བཟོ་ལྟའི་ཐད། ཁམ་གཟུགས་སྒྲ་སྙན་དང་བུམ་གཟུགས་སྒྲ་སྙན་གཉིས་གཙོ་བོར་བཟོ་ཡི་ཡོད།

སྒྲ་སྙན་གྱི་དབྱངས་རྟ་ཐག་རིང་གི་ཡུལ་དུ་གྲགས་པར་བྱས་པ་།

སྒྲ་སྙན་ཞིག་བཟོ་བའི་བརྒྱུད་རིམ་ནི་བལྟས་ཚོད་ལ་སྟབས་བདེར་མངོན་ཡང་། དོན་དུ་རྙོག་འཛིང་ཧ་ཅང་ཆེ་བ་ཞིག་རེད། སྒྲ་སྙན་རེ་རེ་བཟོ་བའི་དོན་དུ་ཉི་མ་ཚེ་རིང་གིས་སྤྱད་པ་ནི་དུས་ཚོད་ཙམ་མ་ཡིན་པར། དེ་བས་ཁོང་གི་ལང་ཚོ་དང་ཚེ་གང་གི་སེམས་ཤུགས་འདུས་ཡོད་པ་རེད།

དེང་གི་ཆར། མི་དེ་བས་མང་བས་སྒྲ་སྙན་ལ་རྒྱུས་མངའ་དང་ཤེས་རྟོགས་བྱུང་སྟེ། ཉི་མ་ཚེ་རིང་གིས་བཟོས་པའི་སྒྲ་སྙན་ཡང་རྒྱལ་ཕྱི་རྒྱལ་ནང་དུ་འཚོང་ཐུབ་ཀྱི་ཡོད། ཡིན་ནའང་། ཁོང་ལ་སྔར་བཞིན་སེམས་ཚེགས་མང་པོ་ཞིག་ཡོད་དེ། སྒྲ་སྙན་བཟོ་བའི་ལག་རྩལ་ཁག་ཅིང་། བརྒྱུད་རིམ་རྙོག་དྲ་ཆེ་བ་མ་ཟད། བཟོ་སྐབས་དཀའ་ངལ་ཆེ་བས། དེང་གི་གཞོན་ནུ་མང་པོས་སྦྱོང་འདོད་བྱེད་ཀྱི་མེད་པའི་ཁར། མི་རིགས་རོལ་ཆ་བཟོ་གྲྭ་མང་པོ་ཞིག་གིས་དེང་རབས་ཀྱི་འཕྲུལ་ཆས་ལ་བརྟེན་ནས་སྒྲ་སྙན་བཟོ་ཡི་ཡོད་སྟབས། དེང་གི་ཆར། སྒྲ་སྙན་བཟོ་བའི་ལག་རྩལ་བྱང་ཆུབ་པའི་ལག་ཤེས་བཟོ་པ་ཉིན་རེ་བཞིན་ཉུང་དུ་འགྲོ་ཡི་ཡོད། དེར་བརྟེན། ཁོང་གི་སེམས་ལ་རང་ཉིད་ཀྱི་ལས་ཀ་ནི་ཤིང་དུམ་མང་པོ་ལས་སྒྲ་སྙན་བཟོ་རྒྱུ་ཙམ་མ་ཡིན་པར། བོད་ཀྱི་དམངས་ཁྲོད་ཀྱི་ཚབ་མཚོན་རང་བཞིན་གྱི་རོལ་ཆ་འདིའི་སྲོལ་རྒྱུན་གྱི་བཟོ་རྩལ་རྒྱུན་འཛིན་བྱེད་པའི་འགན་འཁྲི་ཡོད་པར་སེམས།

“ང་ཚོས་བོད་ཀྱི་སྒྲ་སྙན་བཤམས་སྟོན་ཁང་ཆེ་ཤོས་ཤིག་བཙུགས་ནས། སྒྲ་སྙན་གྱི་དབྱངས་རྟགས་ཅུང་འཐུས་སྒོ་ཚང་བ་ཞིག་བསྒྲིགས་ཏེ། མི་དེ་བས་མང་བས་སྒྲ་སྙན་ལ་རྒྱུས་མངའ་དང་། ཤེས་རྟོཌ་ཐུབ་པ་དང་། སྒྲ་སྙན་སྦྱོང་བའི་ཐབས་ལམ་རྙེད་པའི་གོ་སྐབས་བསྐྲུན་རྩིས་ཡོད”ཅེས་ཉི་མ་ཚེ་རིང་གིས་བརྗོད་ཅིང་། ཁོང་གིས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་སྒྲ་སྙན་གྱི་དབྱངས་རྟ་སྙན་པོ་ཐག་རིང་གི་ཡུལ་ལུང་གང་སར་གྲགས་ཐུབ་པའི་རེ་བ་འཆང་བཞིན་མཆིས། (ལྕང་བུ་ཆུང་གིས་བསྒྱུར)