《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月23日

རྒྱ་བོད་གསར་འགྱུར་ཡིག་སྒྱུར་གྱི་གལ་ཆེའི་རང་བཞིན་སྐོར་མདོ་ཙམ་གླེང་བ།

ཆ་འཕྲིན་གོང་འཕེལ་མྱུར་པོ་འགྲོ་བའི་དེང་གི་དུས་སུ་སྤྱི་ཚོགས་ཧྲིལ་པོ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བཞིན་ཡོད། བོད་ཀྱི་ཞིང་འབྲོག་མང་ཚོགས་ཚོའི་རིག་གནས་ཆུ་ཚད་བལྟོས་བཅས་ཀྱིས་ཞན་ཙམ་ཡོད། ཁོང་ཚོས་ཕྱི་རོལ་ཡུལ་གྱི་གནས་ཚུལ་དང་གསར་དུ་ཐོན་པའི་བྱ་དངོས་སྣ་ཚོགས་ཤེས་རྟོགས་བྱེད་པར་བོད་སྐད་གསར་འགྱུར་ནི་ཐབས་ལམ་གཙོ་བོའི་གྲས་ཤིག་ཡིན། དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བའི་དེང་གི་དུས་སུ་རྒྱལ་ཁབ་ཕྱི་ནང་དང་མི་རིགས་ཕན་ཚུན་དབར་དཔལ་འབྱོར་དང་། རིག་གནས། འཚོ་བ་སོགས་ཕྱོགས་གང་ས་ཅི་ཐད་ནས་འབྲེལ་འདྲིས་ཆེན་པོ་ཡོད་ལ། ཕན་ཚུན་ཤུགས་རྐྱེན་ཐེབས་ཤུགས་ཀྱང་ཆེ་རུ་འགྲོ་བཞིན་ཡོད་པའི་དུས་སྐབས་འདིར་གསར་འགྱུར་ཡིག་སྒྱུར་གྱི་གལ་ཆེའི་རང་བཞིན་དེ་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་ལ། ཞིང་འབྲོག་མང་ཚོགས་ཚོས་བོད་ཡིག་ལ་ཕབ་སྒྱུར་བྱས་པའི་གསར་འགྱུར་སྣ་ཚོགས་ལ་བརྟེན་ནས་གསར་ཐོན་བྱ་དངོས་མང་པོར་རྒྱུས་ལོན་བྱེད་ཀྱི་ཡོད། རྒྱལ་ཁབ་ཕྱི་ནང་གི་གནས་ཚུལ་གསར་པ་དང་མི་རིགས་གཞན་གྱི་སྔོན་ཐོན་ཤེས་རིག་དག་རང་མི་རིགས་ལ་བརྒྱུད་སྤེལ་བྱ་རྒྱུ་ནི་མི་རིགས་གང་དེའི་ལོ་ཙཱ་བ་རྣམས་ཀྱི་ཕྲག་ཐོག་ཏུ་བབས་པའི་དོར་ཐབས་མེད་པའི་འོས་འགན་ཞིག་རེད། དེར་བརྟེན་རྒྱ་བོད་གསར་འགྱུར་ཡིག་སྒྱུར་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཟབ་མོས་ལོ་ཙཱའི་བགྱི་བ་ལྷུར་དུ་བླངས་ཚེ། མི་རིགས་གཞན་གྱི་སྔོན་ཐོན་ཤེས་རིག་རང་མི་རིགས་ལ་ངོ་སྤྲོད་ལེགས་པོ་བྱེད་ཐུབ་པ་དང་། མི་རིགས་སོ་སོའི་ཕུན་སུམ་ཚོགས་པའི་ཤེས་རིག་དག་རྒྱལ་ཁབ་ཕྱི་ནང་དུ་དར་སྤེལ་གཏོང་བར་ཡང་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ། དེས་ན་གསར་འགྱུར་ཡིག་སྒྱུར་གྱིས་རླབས་ཆེན་བྱ་གཞག་དེའི་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད་པ་ནི་ཟུར་བལྟས་ལེབ་མཐོང་རེད། གསར་འགྱུར་ཡིག་སྒྱུར་ནི་ཡིག་སྒྱུར་གྱི་ཆ་ཤས་ཤིག་ཡིན་པ་དང་། རྒྱུན་དུ་སྤྱོད་གོ་ཆེ་བའི་གསར་འགྱུར་ཡིག་སྒྱུར་ནི་གསར་འགོད་པས་བྲིས་པའི་མ་ཡིག་དེ་ལོ་ཙཱ་བས་མ་ཡིག་གི་བརྗོད་གཞི་འཁྲུལ་བ་མེད་པ་དང་། འཕྱུགས་མེད་ངང་ཡིག་སྒྱུར་བྱས་པ་བརྒྱུད་ཏང་གི་མཛད་ཕྱོགས་སྲིད་ཇུས་དང་རྒྱལ་ཕྱི་རྒྱལ་ནང་གི་ཆ་འཕྲིན་སྣ་ཚོགས་མི་དམངས་མང་ཚོགས་ཀྱི་ཤེས་རྟོགས་བྱེད་པའི་ཐབས་ལམ་གཙོ་བོ་ཡིན། ཡིག་སྒྱུར་ལ་ཡང་རྩོམ་རིག་ཡིག་སྒྱུར་དང་ཚན་རྩལ་ཡིག་སྒྱུར་སོགས་མང་པོ་ཡོད་མོད། འདིར་གཙོ་བོར་བརྗོད་འདོད་པ་ནི་གསར་སྒྱུར་ཡིག་སྒྱུར་ཡིན་པ་དང་། དེ་ཡང་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་ཆ་འཕྲིན་ལག་རྩལ་ཉིན་རེ་ལས་མ་འདས་པར་དར་རྒྱས་ཆེན་པོ་འགྲོ་བ་དང་བསྟུན་ནས་བྱུང་བ་ཞིག་རེད། ཨ་ཅང་ཅང་། གསར་འགྱུར་ཡིག་སྒྱུར་་དོན་དུ་གཉེར་མཁན་ལ་མཚོན་ན་ཨམ་ཐང་གཉིས་དང་ཆབ་ཆོབ་བཅོ་བརྒྱད་ནི་ལོ་ཙཱ་བར་འཛོམས་དགོས་པའི་རྨང་གཞི་ཡིན་པ་མ་ཟད། ད་དུང་ལྟ་རྒྱ་ཐོས་རྒྱ་ཆེན་པོ་དང་། མང་ཚོགས་ཀྱི་སྐད་ཆར་སློབ་སྦྱོང་མང་ཙམ་བྱེད་པ། དམངས་ཁྲོད་སྲོལ་རྒྱུན་གྱི་རིག་གནས་ཤེས་རྟོགས་མང་ཙམ་བྱེད་པ། ཆབ་སྲིད་ཀྱི་ཤེས་བྱ་མང་ཙམ་རྒྱུས་ལོན་བཅས་བྱེད་དགོས།

དང་པོ། རྒྱ་བོད་གསར་འགྱུར་ཡིག་སྒྱུར་གྱིས་བཟུང་བའི་གནས་བབ།

འཇིག་རྟེན་ཐོག་གི་བྱ་དངོས་གང་ཞིག་ཡིན་རུང་། དེ་འཕེལ་རྒྱས་ཡོང་བར་རང་རྐྱེན་དང་གཞན་རྐྱེན་གཉིས་ལ་བལྟོས་དགོས་པ་ལྟར། གསར་འགྱུར་ཡིག་སྒྱུར་བྱ་གཞག་དེ་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་དགོས་མཁོ་གཞིར་བཟུང་། དར་རྒྱས་གོང་འཕེལ་འགྲོ་འགོ་ཚུགས་པ་དང་རིམ་བཞིན་རང་རྐྱ་འཕེར་བའི་རིག་ཚན་ཞིག་ཏུ་གྱུར་ཡོད། དེར་བྱ་གཞག་མི་འདྲ་བར་བྱུང་བའི་འཕོ་འགྱུར་སོགས་ཀྱི་གསར་འགྱུར་སྣ་ཚོགས་ངོ་སྤྲོད་དང་སྲིད་དོན་བརྒྱུད་བསྒྲགས་བྱེད་པའི་ནུས་པ་ལྡན་པ་དང་ཆབས་ཅིག དེས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ་སོགས་ཕྱོགས་གང་ས་ཅི་ཐད་ལའང་ནུས་པ་ཧ་ཅང་ཆེན་པོ་ཐོན་པ་དང་། ཏང་གི་མཛད་ཕྱོགས་སྲིད་ཇུས་དང་འཛམ་གླིང་གི་ཤེས་བྱ་གསར་པ་སྣ་ཚོགས་བརྒྱུད་བསྒྲགས་དང་ཁྱབ་སྤེལ་བྱ་རྒྱུར་ནུས་པ་ཆེན་པོ་ཐོན་དང་ཐོན་མུས་རེད།

གཞན་ཡང་གསར་འགྱུར་ཡིག་སྒྱུར་ལ་མཚོན་ན། ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཚན་རྩལ། གསོ་རིག འཕྲོད་བསྟེན་སོགས་སྤྱི་ཚོགས་ཀྱི་ཕྱོགས་གང་ས་ཅི་ཐད་ཀྱི་གནས་ཚུལ་འཁོད་ཡོད་པ་དང་། སྤྱི་ཚོགས་ཧྲིལ་པོ་ཉིན་རེ་བཞིན་ཡར་རྒྱས་གོང་འཕེལ་འགྲོ་བཞིན་པའི་དུས་འདིར་ཚན་རིག་ལག་རྩལ་ཡང་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་མུར་བྱ་དངོས་གསར་པ་འདྲ་མིན་སྣ་ཚོགས་བྱུང་དང་འབྱུང་མུས་ཡིན་པ་དག་ཀྱང་རྒྱལ་ཁབ་དང་མི་རིགས་ཁག་དང་བཅས་པ་གོ་ལ་ཧྲིལ་པོར་ཁྱབ་གདལ་འགྲོ་བར་བརྟེན། བྱ་དངོས་གསར་པ་ཐོན་པ་དང་དུས་མཚུངས་དེ་བསྟུན་གྱི་ཐ་སྙད་ཀྱང་འདྲ་མིན་སྣ་ཚོགས་ཐོན་པ་ནི་ལྡོག་ཐབས་མེད་པའི་ཆོས་ཉིད་དུ་གྲུབ་ཡོད།

གསར་འགྱུར་ཡིག་སྒྱུར་གྱི་གྲུབ་ཆ་གལ་ཆེན་ཡིན་པའི་བརྙན་འཕྲིན་ལེ་ཚན་གྱི་ཡིག་སྒྱུར་ལྟ་བུར་མཚོན་ན། གཟུགས་བརྙན་དང་། ཡི་གེ སྐད་ཆ་སོགས་ལ་བརྟེན་ནས་མི་རྣམས་ལ་གནད་དོན་ཞིག་བརྒྱུད་སྤྲོད་བྱེད་པ་ཞིག་ཡིན་ལ། བརྙན་འཕྲིན་ནང་བསྟན་རྒྱུའི་གསར་འགྱུར་རྩོམ་ཡིག་ཡིག་སྒྱུར་བྱེད་སྐབས། མ་ཡིག་གི་ནང་དོན་ཡང་དག་ཅིང་སྐད་ཆའི་ཁྱད་ཆོས་དང་བརྡ་སྤྲོད་ཀྱི་འགྲོས་དང་མཐུན་པར་བསྒྱུར་རྒྱུ་དེ་རྩ་བའི་ཆ་རྐྱེན་ཡིན། གསར་འགྱུར་རྩོམ་ཡིག་གིས་གསར་དུ་བྱུང་མ་ཐག་པའི་བྱ་དངོས་གསར་པ་དུས་ཐོག་ཏུ་འཛམ་གླིང་ས་ཕྱོགས་གང་སར་བརྒྱུད་བསྒྲགས་བྱེད་བཞིན་ཡོད་ཅིང་དེར་དུས་ཚོད་མྱུར་ལ་ཁྱབ་རྒྱ་ཆེ་བ་དང་ཤུགས་རྐྱེན་ཐེབས་ཆེ་བའི་ཁྱད་ཆོས་ལྡན་པས། གསར་འགྱུར་ཡིག་སྒྱུར་བྱེད་པའི་སྐབས་གསར་དུ་ཐོན་པའི་བྱ་དངོས་རིགས་ལ་མིང་གསར་པ་འདོགས་དགོས་ཚེ། ངེས་པར་དུ་རྩ་དོན་དང་རྒྱབ་ལྗོངས། ལོ་རྒྱུས། རིག་གནས་ཀྱི་གཞུང་སོགས་ཕྱོགས་མང་པོ་ཞིག་ལ་བསམ་བློ་ཞིབ་མོ་གཏོང་བ་དང་། དེ་ནས་རང་མི་རིགས་ཀྱི་རིག་གནས་ནང་དེ་མཚུངས་ཀྱི་བརྗོད་སྟངས་ཡོད་མེད་ལ་བསམ་གཞིག་བྱེད་དགོས་ལ། གལ་སྲིད་དེ་མཚུངས་ཀྱི་མིང་ཚིག་ཞིག་མ་རྙེད་ཚེ། བཀས་བཅད་ལ་ལྟ་དགོས་པ་མ་ཟད། དབང་གྲགས་ལྡན་པའི་ཚན་པ་སོགས་ཀྱི་འབྲི་རྒྱུན་ལ་ཡང་ལྟ་དགོས། གལ་ཏེ་རང་སྣང་གང་དྲན་དུ་བསྒྱུར་ནས་འགྱུར་ལ་ནོར་འཁྲུལ་བྱུང་ཚེ་རིག་གནས་དང་ལོ་རྒྱུས་ཀྱི་དོན་དངོས་ལས་བརྒལ་ནས་གནོད་སྐྱོན་དང་རྙོག་དྲ་ཆེན་པོ་བཟོ་བ་ནི་གདོན་མི་ཟ། གོ་སྐབས་དེ་དང་སྦྲགས་ང་ཚོས་གསར་འགྱུར་ཡིག་སྒྱུར་གྱི་འགྱུར་སྤུས་དེ་བས་ཀྱང་ལེགས་སུ་བཏང་སྟེ་དུས་སྐབས་གསར་པའི་ཏང་གི་དྲིལ་བསྒྲགས་ལས་དོན་གྱི་དགོས་མཁོ་དང་འཚམ་ཐུབ་པ་བྱ་རྒྱུ་དེ་ཧ་ཅང་གི་གལ་འགངས་ཆེ་བར་སྣང་།

གཉིས་པ། གསར་འགྱུར་ཡིག་སྒྱུར་ལས་ཐོན་པའི་ཕན་ནུས།

གོ་ལ་ཧྲིལ་པོའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ལ་རྒྱུན་མཐུད་གོང་འཕེལ་ཕྱིན་པ་དང་ཆབས་ཅིག ད་ཕན་ཐ་སྙད་གསར་པ་འབོར་ཆེན་ཞིག་ཐོན་ཡོད། ཐ་སྙད་གསར་པ་དེ་དག་ཀྱང་ལོ་ཙཱའི་སྒྲིག་གཞི་ཆེ་གྲས་དང་སྐད་ཡིག་ལས་དོན་ཨུ་ལྷན་སོགས་ཀྱི་འབད་བརྩོན་ལ་བརྟེན་ནས་རིམ་བཞིན་གཅིག་གྱུར་ཡོང་འགོ་ཚུགས་གཤིས། སྐབས་དེར་གཏན་ལ་ཕབ་པའི་མིང་ཚིག་དང་ཐ་སྙད་རྣམས་ཡིག་སྒྱུར་གྱི་ལག་ལེན་ནང་རྒྱ་ཁྱབ་ཏུ་སྤྱོད་དང་སྤྱོད་མུས་རེད། དེས་སྐད་ཡིག་གཅིག་གྱུར་ཡོང་བར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། འཛམ་གླིང་ཐོག་གསར་དུ་ཐོན་པའི་གནས་ཚུལ་དང་། སྔོན་ཐོན་ཚན་རིག་ལག་རྩལ། ཤེས་ཡོན་གསར་པ་སོགས་བོད་ཀྱི་རྒྱ་ཆེའི་མང་ཚོགས་ཚོར་བརྒྱུད་བསྒྲགས་བྱེད་པ་དེས། མི་རྣམས་ཀྱི་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་གཏོང་ཐུབ་པ། ལྷག་པར་མཐའ་མཚམས་ལུང་ཁུག་གི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཚོས་ཕྱི་རོལ་གྱི་སྤྱི་ཚོགས་ལ་ཤེས་རྟོགས་ཐུབ་པ་དང་། དེང་དུས་ཀྱི་ཤེས་བྱ་གསར་པ་རྒྱུས་ལོན་བྱེད་ཐུབ་པ་མ་ཟད། བག་ཁུམས་དང་རྙིང་ཞེན་གྱི་བསམ་པའི་འཆིང་རྒྱ་ལས་གྲོལ་ནས་མང་ཚོགས་ཚོའི་ལྟ་བ་དང་འདོད་འདུན་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་མདུན་སྐྱོད་བྱེད་པར་ནུས་པ་མི་དམན་པ་ཐོན་ཐུབ། ལྷག་པར་དུ་དེ་ལས་མི་རྣམས་ཀྱི་ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་གཏོང་ཐུབ་པ་མ་ཟད། ཏང་དང་རྒྱལ་ཁབ་ཀྱིས་དུས་མཚམས་སོ་སོར་བཏོན་པའི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་ཁག་ལ་རྒྱུས་ལོན་དང་ཤེས་རྟོགས་ཀྱང་བྱེད་ཐུབ།

གསར་འགྱུར་ཡིག་སྒྱུར་ནི་སྣ་མང་ཤེས་བྱ་ཀུན་བཏུས་ཀྱི་ཚིག་མཛོད་ལྟ་བུ་ཞིག་ཡིན། དེ་ལས་ང་ཚོས་རང་ལ་མཁོ་བའི་ཤེས་བྱ་སྣ་ཚོགས་བསྡུ་ལེན་བྱེད་ཆོག་ཅིང་། གསར་འགྱུར་ཡིག་སྒྱུར་གྱིས་སྤྱི་ཚོགས་སྟེང་གི་ལས་རིགས་མི་འདྲ་བ་དང་ལོ་ན་མི་འདྲ་བ་སོགས་ལ་རང་སོ་སོའི་དགོས་མཁོ་མི་འདྲ་བར་གཞིགས་ཏེ། དེ་དང་མཐུན་པའི་ཆ་འཕྲིན་ཡང་མི་འདྲ་བ་མཁོ་འདོན་ཐུབ་ཅིང་དཔེར་ན། གླ་པ་རྒྱུག་མཁན་ཞིག་ལ་ཆ་མཚོན་ན་གསར་འགྱུར་ཡིག་སྒྱུར་བརྒྱུད་དེང་གི་དུས་འདིར་ལས་ཀ་གང་ཞིག་རང་ཉིད་དང་འཚམ་པ་དང་ཡོང་འབབ་མང་བ་ཡོད་མིན་ཤེས་རྟོགས་ཐུབ་པ་དང་། ལོ་རིམ་འཕར་ཉེར་ཡོད་པའི་སློབ་མ་ཞིག་ལ་ཆ་མཚོན་ན་སློབ་གྲྭ་གང་ཞིག་བདམས་ན་ཡག་པ་ཡོད་མིན། བུ་མོ་ཞིག་ལ་མཚོན་ན་མཛེས་བཟོའི་ཡོ་ཆས་གང་ཞིག་རང་ཉིད་ལ་འཚམ་པ་ཡོད་མིན་ལ་སོགས་གསར་འགྱུར་ཡིག་སྒྱུར་ཁྲོད་ནས་གནད་དོན་དེ་དག་དུས་ཐོག་དང་ཡང་དག་ངང་ཤེས་རྟོགས་ཐུབ་པའོ།

མདོར་ན། གོ་ལ་ཧྲིལ་པོ་འཕེལ་རྒྱས་འགྲོ་མགྱོགས་པ་དང་རྒྱལ་སྤྱིའི་དབར་གྱི་འབྲེལ་བ་ཉིན་རེ་ལས་མ་འདས་པར་ཇེ་ཟབ་ཏུ་འགྲོ་བཞིན་པའི་དེང་གི་ཆར་གསར་འགྱུར་ཡིག་སྒྱུར་ཡང་དེ་དང་དུས་མཚུངས་སུ་གལ་འགངས་ཇེ་ཆེར་འགྲོ་མུས་ལགས། དེས་ན་གསར་འགྱུར་ཡིག་སྒྱུར་རྣལ་མ་ཞིག་དང་ཚད་ལོན་ཞིག་བྱ་རྒྱུ་ནི་དགོས་གལ་ཆེ་ལ་དེ་བས་ཀྱང་ཀློག་པ་པོར་གོ་བདེ་ཞིང་རྟོགས་སླ་བ་ཞིག་ཡོང་བར་བྱ་རྒྱུ་ནི་ཆེས་གཙིགས་ཆེར་འཛིན་དགོས། ང་ཚོས་སླད་ཕྱིན་གསར་འགྱུར་ཡིག་སྒྱུར་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ཏེ། ཡིག་སྒྱུར་བྱེད་སྐབས་མ་ཡིག་ལ་གོ་བ་ཡག་པོ་བླངས་ནས་དེའི་བསྟན་དོན་གསལ་པོ་ཤེས་དགོས་པ་དང་། སྔོན་གོམས་སུ་སོང་བའི་ཐ་སྙད་སྤྱོད་གང་ཐུབ་བྱེད་པ། ཡིག་སྒྱུར་གྱི་ཞབས་འདེགས་ཞུ་ཡུལ་ཏེ་ཀློག་པ་པོར་ཞབས་འདེགས་ཞུ་ཆེད་ཡིན་པས་མང་ཚོགས་ཀྱི་ངག་རྒྱུན་དུ་བྱང་བའི་ཐ་སྙད་བཀོལ་གང་ཐུབ་བྱེད་པ་ལས་རང་སྣང་གང་དྲན་དང་བླུན་པོ་ཆུ་སྣ་གང་འཁྲིད་ངང་ཡིག་སྒྱུར་བྱ་རྒྱུ་རིང་དུ་དོར་གལ་ཆེ་བར་སྙམ། དེ་བས་ཚགས་པར་གྱི་ཀློག་པ་པོ་གཙོ་བོ་ཞིང་འབྲོག་མང་ཚོགས་ཡིན་པ་དང་། ཞིང་འབྲོག་མང་ཚོགས་ཀྱིས་ཚགས་པར་གྱི་ནང་དོན་མ་འཕྱུགས་མ་ནོར་བར་གོ་དགོས་ན། གོ་བདེ་རྟོགས་སླ་གཙོར་བཟུང་གིས་མང་ཚོགས་ཀྱིས་སྤྱོད་མང་བ་དང་དར་ཁྱབ་ཆེ་བའི་ཐ་སྙད་བེད་སྤྱོད་བྱ་རྒྱུར་མཐོང་ཆེན་བྱེད་དགོས་ཤིང་། ལོ་ཙཱ་བས་དངོས་ཡོད་འཚོ་བའི་ནང་ཟབ་འཇུག་བྱ་རྒྱུར་དང་དོད་ཀྱིས་ཡིག་སྒྱུར་ཚད་ལྡན་ཡོང་བར་འབད་རྒྱུ་ནི་ཧ་ཅང་གལ་ཆེའོ། (བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་པུའི་བསོད་ནམས་དཔའ་མོ)