《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月23日

སྨན་གླིང་རྫོང་གིས“འབུར་ཐོན་བཞིའི”ཐོག་ནས“སྣང་ཆེན་བཞི་ དང་དགའ་ཞེན་བཞིའི”བྱེད་སྒོ་ཡག་པོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། སྨན་གླིང་རྫོང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཁྲོད“དེ་བས་བཅུ”ཡི་དམིགས་ཚད་བླང་བྱར་དམ་པོར་དམིགས་པ་དང་། “འབུར་ཐོན་བཞི”ཡི་ཚད་གཞི་དམ་པོར་བསྲུངས་ནས་སྒྲོག་འགྲེལ་གྱི་ཕན་འབྲས་སྔར་བས་མངོན་གསལ་དོད་པ་དང་། ལག་ལེན་བྱེད་སྒོ་སྔར་བས་ཏན་ཏིག་ཡོང་བ། ལྟ་སྐུལ་མཛུབ་ཁྲིད་སྔར་བས་གནད་དུ་འཁེལ་བ། དྲིལ་བསྒྲགས་ཀྱི་རྣམ་པ་སྔར་བས་བཟང་བ་བཅས་ཏན་ཏིག་བྱུང་ནས། ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་། མི་ཀུན་གྱིས་ཤེས་པ། མི་སེམས་ལ་ཟུག་པ་བཅས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

སྒྲོག་འགྲེལ་འབུར་ཐོན་གྱིས་སློབ་གསོར་མཐོང་ཆེན་བྱས་པ། སྨན་གླིང་རྫོང་གིས་ཞིང་འབྲོག་མང་ཚོགས་ཀྱི་སྒྲོག་འགྲེལ་པ་དང་། དགོན་སྡེར་བཅའ་སྡོད་ལས་བྱེད་པ། སློབ་གྲྭའི་ཀུན་སྤྱོད་སློབ་གསོའི་དགེ་རྒན་བཅས་སྟོབས་ཤུགས་གཙོ་བོར་བྱས་པའི་སྒྲོག་འགྲེལ་དཔུང་ཁག་བཙུགས་ནས་མཚམས་ཚིགས་མི་འདྲ་བ་དང་ཚོགས་སྤྱི་མི་འདྲ་བར་ཕྱོགས་སྐབས་དམིགས་སའི་རང་བཞིན་ཡོད་པའི་སྒྲོག་འགྲེལ་ནང་དོན་བཟོས་ཁར། ཞིང་ནང་མུ་ཁ་དང་། དགོན་སྡེའི་གྲྭ་ཤག སློབ་གྲྭའི་སློབ་ཁང་བཅས་སུ་བསྐྱོད་དེ། མི་སྣའི་ཁྱད་ཆོས་ལ་གཞིགས་ནས་རིགས་དབྱེ་བ་དང་། དོན་ལ་གཞིགས་ནས་དྲིལ་བསྒྲགས། ཡུལ་བབ་དང་བསྟུན་པ་བཅས་བྱས་ནས་མང་ཚོགས་ཀྱི་བསམ་བློའི་བླ་སྲོག་ལ་སྔར་བས་སེམས་འགུལ་ཐེབས་པ་བྱས་ཏེ་བསམ་བློའི་གོ་རྟོགས་མཐོ་རུ་བཏང་བ་རེད། ད་ལོ་ཚུན་དུ། སྨན་གླིང་རྫོང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་ཐེངས་1080ལྷག་ཙམ་བྱས་པར། མང་ཚོགས་མི་ཐེངས་ཁྲི་5.6ལྷག་ཙམ་ལ་སློབ་གསོ་ཐེབས་པ་རེད།

ལག་ལེན་འབུར་ཐོན་གྱིས་ཕན་འབྲས་ཐོན་པར་བྱས་པ། “གཏན་འབེབས་བྱ་སྤྱོད་ཀྱི་རྣམ་པ་མི་འགྱུར་བ་དང་རང་འདེམས་བྱ་སྤྱོད་ལ་ཁྱད་ཆོས་ལྡན་པ”རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་རྣམ་པ་སྣ་ཚོགས་དང་རང་ངོས་ཀྱི་ཁྱད་ཆོས་ལྡན་པའི་ལག་ལེན་བྱེད་སྒོ་ཞིབ་ཚགས་ངང་ཇུས་འགོད་བྱས་ནས་སྤེལ་ཏེ། བྱེད་སྒོར་བརྟེན་ནས་སློབ་སྦྱོང་ལ་སྐུལ་ཁྲིད་དང་སློབ་སྦྱོང་ལ་སྐུལ་འདེད་བཏང་ཡོད། མིག་སྔའི་བར། རྫོང་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“ངའི་མེས་རྒྱལ”གྱི་པར་ལེན་ཆུང་གྲས་དང“ངའི་སེམས་པ་ཏང་ལ་ཕྱོགས་པའི”མང་ཚོགས་ཀྱི་རིག་རྩལ་འགྲན་བསྡུར་སོགས་བྱེད་སྒོ་སྣ་ཚོགས་ཐེངས་680ལྷག་ཙམ་སྒྲིག་འཛུགས་བྱས་པར་མང་ཚོགས་མི་ཐེངས་ཁྲི་4.9ལྷག་ཙམ་ཞུགས་ཡོད།

ལྟ་སྐུལ་མཛུབ་ཁྲིད་དང་གནད་སྨིན་ལ་སྐུལ་འདེད་གཏོང་རྒྱུ་འབུར་དུ་ཐོན་པ་བྱས་པ། དུས་མཚམས་རེར་དྲིལ་བསྒྲགས་པུའི་པུའུ་ཀྲང་གིས་རུ་སྣེ་ཁྲིད་དེ“བརྡ་མི་གཏོང་བ་དང་། དུས་ཚོད་གཏན་འཁེལ་མེད་པ། ལམ་ཐིག་གཏན་འཁེལ་མེད་པ”བཅས་ཀྱི་རྣམ་པའི་ཐོག་ནས་དཔྱད་ཡིག་ལྟ་ཀློག་དང་། བཞུགས་མོལ་སྒྲིག་འཛུགས། འདྲི་རྩད་སྤེལ་རེས་སོགས་ཀྱི་བྱ་ཐབས་བརྒྱུད། བྱེད་སྒོ་སྤེལ་ཚུལ་དང་། སློབ་གསོ་རྒྱག་ཡུལ་ཞུགས་ཚུལ། སློབ་སྦྱོང་དང་ཁོང་དུ་ཆུད་ཚད་བཅས་ཤེས་རྟོགས་ཞིབ་ཕྲ་བྱས་ཡོད། འདི་ལོ་ཚུན་དུ། རྫོང་ཡོངས་སུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ཐེངས་50བྱས་པ་དང་གནད་དོན་ཁག་30ལྷག་ཙམ་ཤེས་རྟོགས་དང་ས་གནས་ས་ཐོག་ཏུ་དག་ཐེར་བྱས་པ་རེད།

དྲིལ་བསྒྲགས་ཀྱི་རྣམ་པ་འབུར་དུ་ཐོན་པ་བྱས་པ། རྫོང་ཡོངས་ཀྱིས་དྲིལ་བསྒྲགས་སྨྱན་སྦྱོར་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། སྨྱན་སྦྱོར་རིགས་ཁག་ཏུ་ཆེད་དོན་ལེ་ཚན་བཙུགས་ཏེ། སྲིད་ཇུས་གསལ་འགྲེལ་དང་། གསར་འགྱུར་ཆེད་བྲིས། འཕྲིན་སྤེལ་གཏིང་ཟབ་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད། དུས་ཐོག་དང་། ཁྱོན་ཡོངས། གནད་ལ་འཁེལ་བ་བཅས་ཀྱི་སྒོ་ནས་རྫོང་ཡོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ལས་དོན་གྱི་རྣམ་པ་མངོན་པར་བྱས་ཡོད་པ་རེད།