《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月23日

བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་།

—— ཉིང་ཁྲིའི་ཁྱད་ལྡན་གྲོང་གསེབ་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གྱུར་ནས་གྲོང་མིར་ཡོང་འབབ་འཕར་བ།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། “གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”གྱི་ཁྱད་ལྡན་གྲོང་གསེབ་དེ་ཉིད་ཡུལ་སྐོར་གནས་མཆོག་ཏུ་བསྐྲུན་ནས་ཡོང་འབབ་གསོག་བཞིན་མཆིས།

གྲོང་གསེབ་ཀྱི་རྣམ་པ་མཛེས་སྡུག་ལྡན་པ།

སྟོན་དུས་སུ་གསར་འགོད་པ་སྣང་རྫོང་སྣང་གྲོང་རྡལ་སྐྱིད་རྩེ་གྲོང་ཚོར་སྐྱོད་སྐབས། གཙང་ཞིང་གྲལ་སྟར་འགྲིག་པའི་བོད་བཟོའི་ཁང་པ་བསྐྲུན་འདུག་ལ། ཡངས་ཤིང་ཁོད་སྙོམས་པའི་ཨར་འདམ་ལམ་དུད་ཚང་ཚང་མའི་སྒོ་རྩ་བར་བཟོས་འདུག

“ད་ཆ་གྲོང་ཚོའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་ནས། རྨང་གཞིའི་སྒྲིག་བཀོད་ཆ་ཚང་བ་དང་འགྲིམ་འགྲུལ་སྟབས་བདེ་བ་སོགས་གྲོང་ཁྱེར་དང་དེ་ཙམ་ཁྱད་པར་མེད”ཅེས་གསར་འགོད་པར་སྐྱིད་རྩེ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་ཚེ་རིང་གིས་དེ་ལྟར་ངོ་སྤྲོད་བྱས།

མིག་སྔར་སྐྱིད་རྩེ་གྲོང་ཚོར་ལམ་སྒྲོན་25བསྒར་ཡོད་པ་དང་། གད་སྙིགས་དབོར་མཁན་རླངས་འཁོར་1དང་། གད་གཞོང་12 བརྔ་བསྡུ་འཕྲུལ་འཁོར་1བཅས་ཡོད་པ་དང་། གྲོང་ཚོ་ཡོངས་ནས་གློག་སྤྱོད་ཚད་100%ཟིན་པ་མ་ཟད། མི་ཕྱུགས་ཀྱི་འཐུང་ཆུའི་འདུ་འགོད་དང་བཙོག་ཆུ་འབུད་པའི་འདུ་འགོད་ལག་བསྟར་བྱས་ཡོད། ནགས་ལས་ཀྱི་གནས་སྐབས་བཀོད་སྒྲིག་ཁང་པ་1དང་རྫིང་བུ་3བསྐྲུན་པ་དང་། ས་ཁྱོན་སྨི་ངོས་གྲུ་240ཟིན་པའི་གྲོང་ཚོའི་རིག་གནས་ཁང་གསར་སྐྲུན་བྱས་ཡོད་ལ། གྲོང་ཚོའི་སྨན་དོན་ཁང་ལ་སྨན་བཅོས་ཀྱི་སྒྲིག་ཆས་དང་ཡོ་བྱད་སྒྲིག་སྦྱོར་བྱས་པ་དང་། སློབ་ལོ་ལོན་པའི་སློབ་མ་སློབ་གྲྭར་ཞུགས་ཚད་100%ཟིན་ཡོད་པ་རེད།

“ཁང་པ་ལོ་གཉིས་ཀྱི་གོང་དུ་བརྒྱབ་པ་ཡིན། སྲིད་གཞུང་གིས་ཁ་གསབ་དང་ནང་ཆས་གནང་བ་མ་ཟད། གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་མི་ཚང་མས་རོགས་རམ་ཡང་བྱས་བྱུང”དུད་ཚང་དབུལ་པོ་ཚེ་རིང་གཡུ་སྒྲོན་གྱི་ཁྱིམ་ཚང་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས། ད་ཆ་དུས་བཀག་ལྟར་དབུལ་ཞྭ་ཕུད་པ་མ་ཟད། ད་དུང་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པའི་ནང་སྡོད་རྒྱུ་བྱུང་ཡོད།

ཡུལ་སྐོར་བ་མང་དུ་ཕྱིན་པ།

བྲག་གསུམ་མཚོའི་བྱང་ངོས་སུ་གནས་པའི་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་མཚོ་མགོ་གྲོང་ཚོར་ཐུན་མོང་མ་ཡིན་པའི་རང་བྱུང་ཆ་རྐྱེན་ཡོད་ལ། བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཟབ་མོའང་ལྡན་ཡོད། བྲག་གསུམ་མཚོ་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད།

ཞིང་པ་འབྱོར་ཕྱུག་དང་། ཐོན་ལས་སྟོབས་ཆེ། གྲོང་ཚོ་མཛེས་སྡུག་ལྡན་པ་བཅས་ཡོང་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་སྲིད་ཇུས་ནས་རྒྱབ་སྐྱོར་དང་མ་དངུལ་གྱི་རོགས་སྐྱོར་བྱས་ཏེ་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། གྲོང་གསེབ་ཀྱི་ཡུལ་སྐོར་བྱེད་ཐབས་ཕྱོགས་ཡོངས་ནས་བཏོད་ཡོད། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་བར་བརྟེན། ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་འབྲོག་མང་ཚོགས་ལ་ཕན་པ་ཏན་ཏིག་ཐོབ་ཡོད།

མཚོ་མགོ་གྲོང་ཚོས་གྲོང་ཚོའི་དམིགས་བསལ་གྱི་ཡུལ་སྐོར་ཐོན་ཁུངས་གང་ལེགས་སྤྱད་པ་དང་། མཚོ་མགོ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་དམངས་ཕྱུག་གྲོང་དར་གྱི་ཐབས་ལམ་ཡང་དག་བདམས་ནས་ཐབས་མང་མཉམ་སྤྱོད་དང་། མཉམ་འགུལ་ཤུགས་འདོན། ཡུལ་བབ་དང་བསྟུན་པ་བཅས་མཐའ་འཁྱོངས་བྱས་ཏེ། ཁྱིམ་ཚང་ཡུལ་སྐོར་དང་། ལྟ་སྐོར་ཡུལ་སྐོར། དམངས་སྲོལ་ཡུལ་སྐོར་སོགས་འཕེལ་རྒྱས་བཏང་ནས། མང་ཚོགས་དེ་བས་མང་པོ་ཞིག་ཡུལ་སྐོར་ཕྱུག་འགྱུར་གྱི་ལམ་དུ་འཁྲིད་པར་བརྟེན་ཡོང་འབབ་མང་དུ་ཕྱིན་པ་དང་། འཚོ་བ་ལེགས་སུ་ཕྱིན་ཡོད། དེ་དང་ཆབས་ཅིག་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་ལམ་བུ་གསར་པར་བསྐྱོད་དེ“གྲོང་ཚོ་གཅིག་ལ་སྤུས་རྟཌ་གཅིག”གི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བསྒྲུབས་ཡོད།

ཡུལ་སྐོར་ལས་རིགས་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་སྣོད་བཅུད་ཞིང་འབྲོག་ལས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏིང་ཟབ་འགྲོ་བར་རོགས་རམ་བྱས་ཤིང་། “འདི་ལོ་ནི‘ལོ་ལྔ་ཚན་བཅུ་གསུམ་པའི’མཇུག་བསྡུའི་ལོ་ཞིག་ཡིན་ལ་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་ཞིག་ཀྱང་རེད། རྒྱ་ཆེའི་ཞིང་པའི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་གཏོང་ཆེད། ང་ཚོས་གྲོང་གསེབ་དང་ཞིང་པ་གཙོ་བོར་བྱས་པའི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། གྲོང་གསེབ་ཀྱི་ཡུལ་སྐོར་ལ་བརྟེན་ནས་གྲོང་གསེབ་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་ལེགས་སུ་བཏང་ནས་ཞིང་པའི་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་དང་འབྲེལ། ཞིང་པའི་ཡོང་འབབ་འཕར་བའང་བྱས་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བཤད།

གསར་འགོད་པར་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་སྲིད་ཇུས་ཀྱི་ཁྲིད་སྟོན་དང་། མ་དངུལ་གྱི་རོགས་སྐྱོར། དཔེ་མཚོན་དཔེ་སྟོན། གོ་རིམ་ལྡན་པའི་ངང་ཁྱབ་འགྱེད་བཅས་ཀྱི་ཡུལ་སྐོར་འཕེལ་རྒྱས་སྲིད་ཇུས་མཐའ་འཁྱོངས་བྱས་ནས་རིམ་རྩིས་བྱས་ན། ཡུལ་སྐོར་འཕེལ་རྒྱས་དང་ཡུལ་སྐོར་ཐོན་ལས་ཀྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི་1248.2བསྡུ་སྒྲིལ་བྱས་ནས་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུའི་རྨང་གཞིའི་སྒྲིག་བཀོད་དང་། ཁྱིམ་ཚང་མགྲོན་ཁང་སྒྱུར་བཀོད་རིམ་སྤོར། ཡུལ་སྐོར་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སོགས་རྣམ་གྲངས་11གཙོ་གནད་ཐོག་ལག་བསྟར་བྱས་པ་དང་འབྲེལ། ཆ་རྐྱེན་འཛོམས་པའི་ཞིང་འབྲོག་མང་ཚོགས་ལ་ཡུལ་སྐོར་ཞབས་ཞུའི་གཉེར་སྐྱོང་བྱེད་སྒོ་སྤེལ་བར་རོགས་སྐྱོར་ཡང་བྱས་ཡོད། མིག་སྔའི་བར་ཉིང་ཁྲི་གྲོང་ཁྱེར་དུ་ཞིང་འབྲོག་པའི་ཁྱིམ་ཚང་མགྲོན་ཁང་637ཡོད་པ་དང་ཡུལ་སྐོར་ལས་རིགས་ནང་ཞུགས་མཁན་ཞིང་འབྲོག་མང་ཚོགས་མི་ཐེངས་ཁྲི་2.49ཟིན་ནས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.13བྱུང་ཡོད། (བདེ་ཆེན་སྒྲོལ་དཀར་གྱིས་བསྒྱུར། པ་སངས་ཀྱིས་ཞུས)