《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月22日

བདམས་ཐོན་པ་ཚོ། ཤུགས་རྒྱོབ།

—— 2020ལོའི་ཧི་མ་ལ་ཡ་སྒྲོལ་བའི་རྐང་འཁོར་མཐར་སོན་འགྲན་བསྡུར་སྐབས་གསུམ་པའི་འགོ་ཚུགས་མཛད་སྒོའི་སྐོར་བཀོད་པ།

ཟླ་10པའི་ཉིང་ཁྲིའི་ཡུལ་ལྗོངས་མཛེས་ལ་ཚ་དྲོད་སྙོམས། ཚེས་20ཉིན་གྱི་སྔ་དྲོ་མི་རྣམས་དེ་གར་འཛོམས་ནས་2020ལོའི་ཧི་མ་ལ་ཡ་སྒྲོལ་བའི་རྐང་འཁོར་མཐར་སོན་འགྲན་བསྡུར་སྐབས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པའི་དུས་མཉམ་དུ་བསུས་པ་རེད། འགོ་ཚུགས་མཛད་སྒོ་ངོ་མཚར་ཆེ་བའི་གླུ་གར་དང་ལྟད་མོ་བ་ཚོའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཁྲོད་འཁྲུག་ཏུ་ཕྱིན་ཞིང་། ལྗོངས་ཕྱི་ནང་གི་རྐང་འཁོར་རུ་ཁག་26གི་བདམས་ཐོན་པ་100ལྷག་ཙམ་གྱིས་སྙིང་སྟོབས་ཆེར་སྐྱེད་ཀྱིས་འགྲན་བསྡུར་ལ་ཞུགས་པ་རེད།

ཉིང་ཁྲིའི་རུ་ཁག་གི་བདམས་ཐོན་པ་ཡེ་ཤེས་དབང་མོས་གསར་འགོད་པར“སྐབས་དང་པོའི་འགྲན་བསྡུར་ནས་འགོ་བཙུགས་ཏེ་ལོ་ལྟར་འགྲན་བསྡུར་ལ་ཞུགས་རུང་། ད་དུང་དངངས་སྐྲག་སྐྱེ་ཡི་འདུག འདི་ལོའི་རྐང་འཁོར་འགྲན་བསྡུར་གྱི་ལམ་དུམ་ལ་འགྱུར་ལྡོག་བཏང་བ་དང་། ལམ་ཚད་ཀྱང་ན་ནིང་ལས་སྤྱི་ལེ་100ཙམ་གྱིས་རིང་དུ་བཏང་ཡོད། བུ་མོ་ཞིག་གི་ངོས་ནས་བརྗོད་ན་འདི་ནི་འགྲན་སློང་ཆེན་པོ་ཞིག་རེད། འོན་ཀྱང་ནུས་ཤུགས་ཡོད་ཚད་འདོན་རྒྱུ་ཡིན”ཞེས་བརྗོད། མེ་མདའི་སྒྲ་གྲཌ་མ་ཐག་བདམས་ཐོན་པ་རྣམས་བྱ་འཕུར་བ་ལྟར་མདུན་དུ་བསྐྱོད།

ད་ཐེངས་ཀྱི་འགྲན་བསྡུར་ནི་གཞུང་ལམ་རྐང་འཁོར་འགྲན་བསྡུར་དང་རི་ཁུལ་རྐང་འཁོར་འགྲན་བསྡུར་གཉིས་སུ་ཕྱེ་ཡོད། ཉིན་གསུམ་རིང་འགྲན་བསྡུར་དུམ་མཚམས་གསུམ་ལ་ཕྱེ་ནས་སྤེལ་རྒྱུ་ཡིན་ཞིང་། ཚེས་20ཉིན་གྱི་འགྲན་བསྡུར་ནི་དུམ་མཚམས་དང་པོ་ཡིན་པ་དང་། ཁྱོན་དཔུང་ཁག་11གི་བདམས་ཐོན་པ་52གཞུང་ལམ་རྐང་འཁོར་འགྲན་བསྡུར་ལ་ཞུགས་ཡོད།

ཉིང་ཁྲི་གྲོང་ཁྱེར་ཚོགས་འགྲེམ་ལྟེ་གནས་ནས་ཀོང་པོ་རྒྱ་མདའ་རྫོང་གྲོང་བར་ལམ་ཐག་ཧྲིལ་པོར་སྤྱི་ལེ་128ཡོད་ཅིང་། ལམ་བར་དུ་བྲག་ཡིབ་ཁྲོམ་གཞུང་དང་། ཕུའུ་ཅན་ལམ། ཉང་ཆུའི་ལམ་སོགས་བརྒྱུད་དགོས་ཀྱི་ཡོད། རི་ཁུལ་རྐང་འཁོར་ཚོགས་ཆུང་ཉིང་ཁྲི་ཚོགས་འགྲེམ་ལྟེ་གནས་ནས་ཐོན་ཏེ་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་གྲོང་ཚོ་བར་ཡིན་པ་དང་། ལམ་ཐག་སྤྱི་ལེ་136ཡོད་ཅིང་། དགུང་ཚང་དང་བྲག་ཆུ་གྲོང་རྡལ་སོགས་བརྒྱུད་དགོས་ཀྱི་ཡོད།

འགྲན་བསྡུར་ཛ་དྲག་བྱས་པ་བརྒྱུད། བོད་ལྗོངས་རུ་ཁག་གི་ཅང་ཀྲི་ཧུའེ་དང་། ཧོ་ནན་རུ་ཁག་གི་ཧྥན་ཁྲའོ། ལུའེ་ཧྲན་སྐྱེད་ཚལ་གླིང་ཀྲའུ་ཅིས་རུ་ཁག་གི་ཅ་ཀྲི་ཁྲའོ་བཅས་སོ་སོར་གཞུང་ལམ་རྐང་འཁོར་འགྲན་བསྡུར་གྱི་འགྲན་མཚམས་དང་པོའི་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་ནས་གསུམ་པ་བར་ཐོབ་པ་དང་། བསོད་ནམས་དང་། ཚེ་རིང་བསོད་ནམས། ཀྲང་ཀྲེན་ཡུས་བཅས་སོ་སོར་རི་ཁུལ་རྐང་འཁོར་འགྲན་བསྡུར་གྱི་འགྲན་མཚམས་དང་པོའི་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་ནས་གསུམ་པར་ཐོབ་པ། ཧུང་མེ་དང་། བསྟན་འཛིན་སྒྲོལ་དཀར། སུའུ་གཡོད་བཅས་སོ་སོར་རི་ཁུལ་རྐང་འཁོར་འགྲན་བསྡུར་གྱི་འགྲན་མཚམས་དང་པོའི་བུད་མེད་ཚོགས་ཆུང་གི་ཨང་དང་པོ་ནས་གསུམ་པ་བར་ཐོབ་པ་རེད།

ལྷ་ས་གྲོགས་པོའི་རྐང་འཁོར་རུ་ཁག་ནས་ཡིན་པའི་བསོད་ནམས་ཀྱིས་གསར་འགོད་པར“ང་རྐང་འཁོར་བཞོན་ནས་ལོ་12ཕྱིན་སོང་། འགྲན་བསྡུར་མང་པོར་ཞུགས་མྱོང་ཞིང་དེ་རིང་དེ་བས་ལེགས་པའི་གྲུབ་འབྲས་ཐོབ་བྱུང་། རྐང་འཁོར་འགྲན་བསྡུར་ནི་ངལ་དུབ་ཆེ་བའི་འགྲན་བསྡུར་ཞིག་ཡིན། འོན་ཀྱང་འགྲན་བསྡུར་ལ་ཞུགས་སྐབས་ཡིད་འོང་མཛེས་ལྗོངས་མཐོང་ཐུབ་པས་སེམས་ཧ་ཅང་སྐྱིད་པོ་འདུག”ཅེས་བཤད་བྱུང་།

མིག་སྔར་དུམ་མཚམས་དང་པོའི་འགྲན་བསྡུར་རྒྱལ་ཁའི་ངང་མཇུག་འགྲིལ་བ་དང་། དེ་རྗེས་བདམས་ཐོན་པ་ཚོས་ད་དུང་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གྲོང་ནས་བོད་ལྗོངས་ཚོགས་འགྲེམ་ལྟེ་གནས་ཀྱི་འགྲན་བསྡུར་དུམ་མཚམས་གཉིས་པར་ཞུགས་རྒྱུ་ཡིན་པས། བདམས་ཐོན་པ་ཚོས་མུ་མཐུད་ཤུགས་རྒྱོབ་ཤིག