《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月22日

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་མཆན་འགོད་མོས་མཐུན་ཐོབ་པ།

ཁྲོན་བོད་ལྕགས་ལམ་གཡག་རྔ་ནས་ཉིང་ཁྲི་བར་གྱི་ལམ་དུམ་དངོས་སུ་འཛུགས་སྐྲུན་བྱེད་པའི་དུས་མཚམས་སུ་སླེབས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་མོང་ཝུའེ་ཡིས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཉེ་ཆར་ཁྲོན་བོད་ལྕགས་ལམ་གཡག་རྔ་ནས་ཉིང་ཁྲི་བར་གྱི་ལམ་དུམ་འཛུགས་སྐྲུན་བྱ་རྒྱུར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་མཆན་འགོད་མོས་མཐུན་ཐོབ་ནས་ལས་གྲྭ་གལ་ཆེན་དེ་དངོས་སུ་འཛུགས་སྐྲུན་བྱེད་པའི་དུས་མཚམས་སུ་སླེབས་པ་མཚོན་ཡོད་ཅེས་བཤད་པ་རེད།

ཉིན་དེར་འཚོགས་པའི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཟླ་10པའི་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག མོང་ཝུའེ་ཡིས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བརྟན་པོའི་ངང་སྐུལ་འདེད་གཏོང་ཆེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་ཕྱོགས་དང་མཉམ་དུ་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་ཁག་དོན་འཁྱོལ་ཞིབ་ཕྲ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

གཅིག་ནས་རྣམ་གྲངས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་རྒྱུ་ཡིན་ཞིང་། རྣམ་གྲངས་ཀྱི་བྱས་འཐུས་ཞིབ་འཇུག་སྙན་ཞུའི་མཆན་འགོད་བཀའ་ལན་གྱི་བླང་བྱ་གཞིར་བཟུང་། ཕུང་གསུམ་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱ་རྒྱུ་སྟེ། རྒྱལ་ཁབ་ལྕགས་ལམ་ཚོགས་པས་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱ་རྒྱུའི་འགན་འཁུར་རྒྱུ་དང་། ཁྲོན་བོད་ལྕགས་ལམ་ལས་གྲྭ་འཛུགས་སྐྲུན་བཀོད་འདོམས་པུས་ལས་གྲྭ་འཛུགས་སྐྲུན་གྱི་ལས་དོན་སྒྲིག་འཛུགས་བྱ་རྒྱུའི་འགན་འཁུར་རྒྱུ། ཁྲོན་བོད་ལྕགས་ལམ་ཚད་ཡོད་ཀུང་སིས་རྣམ་གྲངས་དོ་དམ་གྱི་འགན་ཁུར་ནས་རྣམ་གྲངས་འཛུགས་སྐྲུན་གྱི་ལས་དོན་ཁག་ལ་མཐུན་སྦྱོར་གྱིས་སྐུལ་འདེད་གཏོང་རྒྱུ་བཅས་རེད།

གཉིས་ནས་འཛུགས་སྐྲུན་གྱི་ཆ་རྐྱེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་ཡིན་ཞིང་། འབྲེལ་ཡོད་སྡེ་ཚན་དང་། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ས་གནས། རྒྱལ་ཁབ་ལྕགས་ལམ་ཚོགས་པ་བཅས་ཀྱིས་ས་གཤིས་རྩད་ཞིབ་གཏིང་ཟབ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། མ་དངུལ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། རྟ་སྒ་ཆ་སྒྲིག་གི་ལས་གྲྭ་ལག་བསྟར་བྱེད་པར་སྤྱི་འདོམས་སྐུལ་འདེད་གཏོང་བ། ས་ཆ་བསྡུ་ལེན་དང་བཤིག་སྤོའི་ལས་དོན་ཁག་ལ་སྐུལ་འདེད་བརྟན་པོ་གཏོང་བ། ཨར་ལས་བྱ་ཡུལ་གྱི་དངོས་ཟོག་དང་མི་སྣ་བཀོད་སྒྲིག་དང་འགན་ལེན་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ། འཛུགས་སྐྲུན་གྱི་ཁོར་ཡུག་ཡག་པོ་ཧུར་ཐག་གཏོད་པ་བཅས་བྱས་ཏེ། རྣམ་གྲངས་འཛུགས་སྐྲུན་གྱི་གྲ་སྒྲིག་ལས་དོན་ཁག་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱ་རྒྱུ་རེད།

གསུམ་ནས་ལམ་ལུགས་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞིང་། ལམ་ལུགས་དང་གཏན་འབེབས་ཁག་འཐུས་སྒོ་ཚང་དུ་གཏོང་བ་དང་འབྲེལ་དོན་འཁྱོལ་ནན་པོ་བྱེད་པ་དང་། ཁེ་ལས་ནང་ཁུལ་གྱི་དོ་དམ་ལམ་ལུགས་དང་དོ་དམ་བྱེད་ཐབས་ཞིབ་ཕྲ་འཐུས་སྒོ་ཚང་དུ་གཏོང་བ། སྤུས་ཚད་ཀྱི་བདེ་འཇགས་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། མ་དངུལ་བེད་སྤྱོད་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ལས་གྲྭ་འཛུགས་སྐྲུན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་ཏན་ཏིག་གཏོང་ཐུབ་པའི་འགན་ལེན་བྱ་རྒྱུ་རེད། (སྤེན་ཚེ་དང་ཚེ་ལྷས་སྒྱུར་ཞུས་བྱས)